དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་དང་། རིག་གཞུང་ཚོགས་པ་ཁག་ནང་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་འཚམས་འདྲི་གཟིགས་སྐོར་གནང་མུས་བཞིན། ཉེ་ཆར་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་སྡེ་ཁག་ཏུ་འཚམས་འདྲི་གཟིགས་སྐོར་ལེགས་པར་གྲུབ་ཡོད།
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༨ ནས་ ༢༣ བར་ཉིན་གྲངས་བཅོ་ལྔ་རིང་དཔལ་ལྡན་བཀའ་བློན་མཆོག་ནས་བསྟན་འཛིན་སྒང་དང་། འབུམ་སྡེ་ལ། དི་རངས། རྟ་དབང་། མེའོ། ཏེ་ཛུ། ཤི་ལོངས་བཅས་ས་གནས་ཁག་བདུན་ནང་ཡོད་པའི་རིས་མེད་ཆོས་སྡེ་ཁག་ཏུ་འཚམས་གཟིགས་གནང་ཡོད། སྐབས་དེར་འཚམས་གཟིགས་སྐབས་དཔལ་ལྡན་བཀའ་བློན་མཆོག་ནས་དགོན་པའི་ཆོས་ར་དང་། རྟེན་ཁང་། འཛིན་ཁང་། གྲ་ཤག ཡིག་ཚང་། དཔེ་མཛོད་སོགས་ལ་གཟིགས་སྐོར་གནང་སྟེ་དགོན་ཁག་སོ་སོའི་མཁན་ལས་སྣེ་རྣམས་དང་མཇལ་འཕྲད་ཀྱིས་ཁོང་རྣམ་པས་རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་ནང་ཆོས་སློབ་གཉེར་དང་དགོན་པར་ཞབས་ཞུ་ལྷག་བསམ་རྣམ་དག་ཞུ་བཞིན་པར་བསྔགས་བརྗོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་རིས་མེད་ཆོས་སྡེ་ཁག་ནང་མཐུན་འགྱུར་རོགས་རམ་གང་ཐུབ་བྱེད་རྒྱུའི་ཐོག་འབད་རྩོན་ཞུ་རྒྱུའི་སྐོར་གསུངས་ཡོད། ཕྱོགས་མཚུངས་ཕན་ཚུན་འབྲེལ་ལམ་སྔར་ལས་དམ་ཟབ་དང། ལྷག་པར་དགོན་སྡེ་ཁག་ནང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དགེ་འདུན་རྣམས་ཀྱི་བསླབ་པ་སློབ་གཉེར་གནང་ཕྱོགས་ཐད་མུ་མཐུད་གོང་འཕེལ་གཏོང་ཕྱོགས་སྐོར་སོགས་གསུང་ཡོད། དཔལ་ལྡན་བཀའ་བློན་མཆོག་ནས་དགེ་འདུན་རྣམས་ལ་མང་ཇ་དང་བསྙེན་བཀུར་སྒོར་༡༠༠ རེ་ཕུལ་ཡོད།
ཆོས་སྡེ་ཁག་ཏུ་འཚམས་གཟིགས་གྲུབ་རྗེས་དཔལ་ལྡན་བཀའ་བློན་མཆོག་ནས་དེའི་ཁུལ་གྱི་གཞིས་ཆགས་ཁག་གི་སློབ་གྲྭ་དང་། འཕྲོད་བསྟན་སྨན་ཁང་། ས་གནས་འགོ་འཛིན་ལས་ཁུངས་སོགས་སུ་ཡང་གཟིགས་སྐོར་གནང་སྟེ་མི་མང་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་དང་། ལྔ་དང་ལྔ་བཅུ་འཆར་སྣང་ངོ་སྤྲོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྙིང་བཅངས་ཀྱིས་བོད་སྤྱི་པའི་ཐོག་ཞབས་ཞུ་སྒྲུབ་རྒྱུ་གཙོ་བོར་ཟིན་པའི་ཐོག་ནས་ལས་ཀ་བྱེད་པ་ཡིན་ན་དུས་རྟག་ཏུ་དགོན་པར་འཕྲིན་བཅོལ་དང་ཞབས་རིམ་གསོག་སྒྲུབ་སོགས་བྱེད་མི་དགོས་པར་རང་བཞིན་གྱིས་རང་ཉིད་ལ་བྱ་བ་ལམ་འགྲོ་དང་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་རྒྱུའི་སྐོར་། དེ་བཞིན་ཕ་མེས་དུས་ནས་ཡོད་པའི་ཡ་རབས་བཟང་སྤྱོད་དང་བོད་ཀྱི་ཟབ་ཅིང་རྒྱ་ཆེ་བའི་ནང་བསྟན་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་པ་གལ་ཆེའི་སྐོར། ལྷག་པར་དུ་ཕྱི་ལོ་ ༢༠༡༩ དེ་བཞིན་སྐུའི་དགུང་ཀེག་འཁེལ་གྱི་ཡོད་སྟབས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཕྱི་ནང་གསང་གསུམ་གྱི་བྱེད་སྒོ་དང་། བསོད་ནམས་གསོག་སྒྲུབ། གང་ཟག་མི་རེ་ངོ་རེས་སྡིག་སྤང་དགེ་སྦྱོང་གི་ལས་ལ་འབད་དགོས་པ་སོགས་བླང་དོར་བཀའ་སློབ་དང་། དྲི་བར་ལན་འདེབས་གསལ་བཤད་བཅས་གནང་ཡོད།
དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་རིང་མིན་བཞུགས་སྒར་དྷ་ས་ཁུལ་དུ་ཡོད་པའི་ཆོས་སྡེ་ཁག་ཏུ་འཚམས་འདྲི་གཟིགས་སྐོར་གནང་འཆར་ཡོད།