༈ ཆོས་རིག་ལས་ཁུངས་ཀྱི་ལས་རིམ་དང་ལས་འཆར་རྣམ་གྲངས་མདོར་བསྡུས་གཤམ་གསལ།
ལས་རིམ་གྱི་རྣམ་གྲངས།
༡༌ བོད་ནས་གསར་ཕེབས་གྲྭ་བཙུན་གྱི་སློབ་ཡོན།
༢༌ རུ་སོག་སློབ་ཡོན།
༣༌ མཚམས་བསྙེན་པ་དང་ཁ་འཐོར་གྲྭ་བཙུན་གྱི་འཚོ་སྣོན།
༤༌ དཔེ་ཁྲིད་དགེ་རྒན་གྱི་གསོལ་ཕོགས།
༥༌ ཚན་རིག་དགེ་རྒན་གྱི་གསོལ་ཕོགས།
༦༌ རྒྱ་ཡིག་དགེ་རྒན་གྱི་གསོལ་ཕོགས།
༧༌ གུ་རུ་ལྷ་ཁང་དང་གཞིས་དགོན་ཁག་གི་དཀོན་གཉེར་ལ་གསོལ་ཕོགས།
༨༌ དབུ་འཁྲིད་བླ་ཆེན་རྣམ་པ་དང་མཁན་པོ་མཁན་ཟུར་རྣམ་པའི་མཚན་དོད།
༩༌ གཞུང་བསྟེན་ཆོས་སྐྱོང་ཁག་གི་སྐུ་རྟེན་རྣམ་པར་གསོལ་ཕོགས་དོད།
༡༠༌ ནད་གསོ་ཁང་གི་མཐུན་འགྱུར།
༡༡༌ ཛ་དྲག་རོགས་སྐྱོར།
༡༢༌ དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་སྣེ་ཤན་ཞབས་ཞུ།
༡༣༌ འཆར་འཕར་ཆོས་ཕྱོགས་ཀྱི་ལས་དོན་རིགས་བཅས།
ཆོས་ཕྱོགས་ཀྱི་ལས་དོན་རིགས།
༡༌ ཆིབས་སྒྱུར་སྤྲོས་གསོལ་གྱི་སྙན་བསྐུལ་འབུལ་གཏོང་ཞུ་རྒྱུ།
༢༌ མ་ཧཱ་གུ་རུའི་འབུམ་ཚོགས་འབུལ་གཤོམས་གནང་རྒྱུ།
༣༌ ལོ་གསར་ལྷ་མོའི་ཚེས་གཏོར་དང་དགྱེས་སྟོན་མཛད་སྒོ་གོ་སྒྲིག་གནང་རྒྱུ།
༤༌ གསུམ་བརྒྱད་མཆོད་འབུལ་སོགས་སྨོན་ལམ་མཆོད་འབུལ་རིགས་གོ་སྒྲིག་དང་། མཆོད་དོད་བསྙེན་བཀུར་རིགས་འབུལ་གཏོང་བྱ་རྒྱུ།
༥༌ བླ་ལྷའི་བཀའ་ལུང་དགོངས་དོན་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་རྣམས་སྨིན་སྒྲུབ་ཞུ་རྒྱུ་སོགས་ཡིན།
ལས་འཆར་ཆེ་ཁག
༡༌ ཆོས་ཚོགས།
ཕྱི་ལོ་ ༡༩༦༢ ཟླ་ ༨ པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྡ་སར་གཏན་བཞུགས་བླ་སྤྲུལ་དགེ་བཤེས་ ༢༠ སྐོར་དང་། རྩོད་རྒྱུགས་འབུལ་ཆེད་ཌལ་ཧའོ་སེ་ནས་ཕེབས་འབྱོར་རྒྱུད་གྲྭ་སྟོད་སྨད་ཁོངས་དགེ་བཤེས་ ༡༨ དེ་བཞིན་འབྲེལ་ཡོད་ལས་ཁུངས་ཆོས་དོན་ལྷན་ཁང་། ནང་སྲིད། ཤེས་རིག་བཅས་གསུམ་གྱི་བཀའ་བློན་ལྷན་འཛོམས་ཐོག་ཕོ་བྲང་གཟིམ་ཆུང་དུ་བཞུགས་མོལ་ཚོགས་འདུ་དང་འབྲེལ་ཆོས་ཚོགས་དང་པོ་དེ་ཚོགས་པར་གནང་། བོད་ཀྱི་སྲིད་དོན་ལ་དུས་འགྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དེ་སེལ་ཐབས་དང་། ཡང་སྒོས་ནང་པ་སངས་རྒྱས་པའི་ ཆོས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་ཐོག་བཀའ་བསྡུར་རིམ་པ་གནང་སྟེ་གྲོད་ཆོད་གཏན་ལ་ཕབ། དེ་ནས་རིམ་བཞིན་ལོ་གཉིས་སམ་གསུམ་རེའི་མཚམས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཆོས་བརྒྱུད་དབུ་འཁྲིད་བླ་ཆེན་རྣམ་པ་དང་མཁན་བླ་སྐུ་ཚབ་བཅས་པ་་གདན་ཞུས་ཀྱིས་ཆོས་ཚོགས་རིམ་པ་ཚོགས་ཀྱི་ཡོད། ད་བར་ཆོས་ཚོགས་ཐེངས་ ༡༢ ཚོགས་ཡོད།
༢༌ ནང་ཆོས་ལྟ་སྒྲུབ་ངོ་སྤྲོད།
༣༌ དགོན་པ་ཞིག་གསོའི་རོགས་སྐྱོར།
འདི་གའི་ཁྱབ་ཁོངས་ཀྱི་དགོན་སྡེ་ཆུང་ཁག་རིགས་ཉམས་གསོ་དགོས་གལ་ཡོད་ཀྱང་དཔལ་འབྱོར་མཐུན་རྐྱེན་འདང་ངེས་མེད་པ་རྣམས་ལ་ཆོས་རིག་ལས་ཁུངས་ནས་དགོན་སྡེ་སོ་སོའི་སྙན་ཞུ་དང་། ས་གནས་ལས་ཁུངས་སམ་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྒྱབ་གཉེར་ལ་ཞིབ་འཇུག་གནང་སྟེ་རོགས་དངུལ་གནང་གི་ཡོད། ད་བར་དགོན་སྡེ་ཆུང་ཁག་མང་པོ་ཞིག་ལ་རོགས་དངུལ་ཐོབ་ཡོད། ཕྱི་ལོ་ ༢༠༡༧ ནང་དགོན་སྡེ་གྲངས་ ༧ ལ་རོགས་དངུལ་གནང་ཡོད།
༤༌ གཞུང་ཆེན་རིགས་གཅིག་རྐང་འཛིན།
ལས་འཆར་དེ་ནི་ཕྱི་ལོ་ ༢༠༡༤ ལོར་གསར་དུ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། དེ་ནང་མཉམ་བཞུགས་གནང་མཁན་ཆོས་སྡེ་ཁག་ནས་སློབ་གཉེར་ཆ་ཚང་ཐོན་པའི་དགེ་འདུན་པ་དགོས་ཀྱི་ཡོད། ད་ལྟའི་ཆར་རིས་སུ་མ་ཆད་པའི་སློབ་གཉེར་བ་ ༢༥ མཉམ་ཞུགས་གནང་ཡོད། ཉམས་ཞབ་པ་རྣམས་ལ་མི་རེར་སློབ་ཡོན་དོད་དུ་ཟླ་རེར་ཧིན་སྒོར་ ༢༥༠༠ གནང་གི་ཡོད།
༥༌ རིས་མེད་བགྲོ་གླེང་།
རིས་མེད་བགྲོ་གླེང་དེ་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཐོག་མར་གོ་བཙུགས་ཞུས་ཡོད། ལས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི་ཆོས་བརྒྱུད་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་དང་། བསྟན་པ་གཅིག་གི་རྗེས་འཛིན་ཡིན་པ་ངོ་ཤེས་པའི་ཐོགཕན་ཚུན་གོ་རྟོགས་སྤེལ་རེས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་ཀྱི་ཆེད་དུ་ཡིན། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་ས་སྐྱ་མཐོ་སློབ་དུ་རིས་མེད་བགྲོ་གླེང་ཐེངས་གསུམ་པ་དེ་གོ་སྒྲིག་ཞུས་ཡོད།
༦༌ བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་འཁྲིད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་བར་གསུམ་དུ་སྐྱ་བོ་ན་གཞོན་ཚོས་ཀྱང་རབ་བྱུང་པ་དང་གཅིག་མཚུངས་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པའི་དགོངས་དོན། དེང་དུས་མཐོ་སློབ་ཐོན་པའི་བོད་མི་གཞོན་སྐྱེས་རྣམས་ཀྱིས་སྤྱིར་བོད་ཀྱི་སྐད་ཡིག་དང་། ཡང་སྒོས་བོད་བརྒྱུད་ནང་དོན་རིག་པར་རྒྱུས་མངའ་ཤེས་རྟོགས་ཡོང་ཆེད་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་དེ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༤ ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭར་ལོ་ལྟར་གོ་སྒྲིག་ཞུ་མུས་རེད།
༧༌ བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ།
བོད་ཀྱི་སྲོལ་རྒྱུན་རིག་གཞུང་གཙོས་དེང་རབས་བོད་ཀྱི་བཟོ་རིག་སྒྱུ་སྩལ་རྒྱུན་འཛིན་དང་གོང་སྤེལ་ཆེད། བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་སྩལ་ཁོ་ནའི་ལས་འཆར་ཆེད་ཧིན་སྒོར་ཁྲི་ལྔ་ནས་འབུམ་གསུམ་བར་རོགས་དངུལ་འབུལ་སྤྲོད་བྱ་རྒྱུ་ལས་འཆར་ཞིག་ཡིན།
ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༩ ཉིན་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་གྱི་འདེམས་སྒྲུག་ཐེངས་དང་པོ་དེ་གོ་སྒྲིག་ཞུས་ནས་ཚོགས་སྒེར་ཁག་ ༡༣ ལ་རོགས་དངུལ་གནང་ཡོད། ཐེངས་གཉིས་པ་དེ་ད་ལོའི་ཕྱི་ཟླ་ ༦ གནང་རྒྱུ་ཡིན།
༨༌ དགེ་འདུན་པའི་དེང་དུས་ཚན་རིག་ངོ་སྤྲོད་ཟབ་སྦྱོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་ཐབས་དང་། ༢༠༡༣ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་བསྐོང་ཚོགས་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་དུ། རིས་སུ་མ་ཆད་པའི་ ཆོས་སྡེ་ཁག་གི་དབུ་མའི་བསླབ་པ་ཟིན་པའམ་ཉུང་མཐར་ལོ་བཅུ་ལྷག་སློབ་གཉེར་གནང་མྱོང་བའི་གྲྭ་བཙུན་ ༢༥ ཙམ་ལ་སྦིར་དཔལ་སྤུངས་ཤེས་རབ་གླིང་དུ་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་འོག་༢༠༡༤ ཟླ་ ༨ ཚེས་ ༡༦ ནས་ ༣༠ བར་དགེ་འདུན་པའི་དེང་དུས་ཚན་རིག་ངོ་སྤྲོད་ཟབ་སྦྱོང་ཐེངས་དང་པོ་དེ་བསྐོང་ཚོགས་གནང་ཡོད།
དེ་ནས་རིམ་བཞིན་ལོ་ལྟར་དགེ་འདུན་རྣམས་ལ་དེང་དུས་མཚན་རིག་ཀྱི་ཟབ་སྦྱོང་གནང་མུས་ཡིན། ད་བར་ཟབ་སྦྱོང་ཐེངས་བཞི་གོ་སྒྲིག་ཞུས་ཡོད།
༩༌ མཆོད་རྟེན་རྣམ་བརྒྱད་གསར་བཞེངས།
སྟོན་པའི་གནས་ཆེན་བརྒྱད་དུ་བདེ་གཤེགས་མཆོད་རྟེན་རྣམ་བརྒྱད་གསར་བཞེངས་ཀྱི་ལས་འཆར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་བཞེད་སྤྱི་སྨིན་དགོངས་དོན་བཞིན། མཆོད་རྟེན་རྣམ་བརྒྱད་གསར་བཞེངས་ཀྱི་ལས་གཞི་ལག་བསྟར་མཇུག་སྐྱོང་གི་འགན་ཁུར་ཆོས་རིག་ལས་ཁུགས་སུ་བསྐུར་གནང་མཛད་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ ནས་འགོ་འཛུགས་ཀྱིས་སངས་རྒྱས་ཀྱི་གནས་ཆེན་ཁག་བརྒྱད་པོ་སོ་སོར་དེ་འབྲེལ་གྱི་བདེ་གཤེགས་མཆོད་རྟེན་རྣམ་བརྒྱད་ཁོངས་ནས་གསར་བཞེངས་ཀྱི་ལས་འཆར་འགོ་འཛུགས་བྱས་ཏེ་ད་ཆ་མཆོད་རྟེན་གསར་བཞེངས་ཀྱི་ལས་འཆར་ལེགས་སྒྲུབ་ཟིན་ཡོད།