༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་དཔལ་ཁྱབ་བདག་རང་བྱུང་ཨོ་རྒྱན་རྒྱལ་བའི་མྱུ་གུ་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་རྩལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག
༄༅། །དེ་ཡང་ཐོག་མར་རྒྱལ་བས་ལུང་བསྟན་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་སྤྱི་མེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལུང་དོན་སྤྱན་རས་གཟིགས་ཀྱི་སྤྲུལ་པར་ཡོངས་སུ་གྲགས་ཤིང་། པཎ་ཆེན་ཤཱཀྱ་ཤྲཱི་དང་། བླ་མ་ཞང་གིས་མ་འོངས་སངས་རྒྱས་དྲུག་པ་སེངྒེའི་རྣམ་འཕྲུལ་དུ་ལུང་བསྟན་པ། དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་སྤྱི་གཟུགས་གངས་ཅན་སྐྱེ་སྤྲུལ་དང་པོའི་སྲོལ་འབྱེད། དཔལ་ལྡན་བླ་མ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་(༡༡༡༠-༡༡༩༣)ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་རྣམ་འཕྲུལ་རིམ་བྱོན་ལས། ༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་’’བསྟན་འཛིན་ཀུན་ཁྱབ་ཕྲིན་ལས་དབང་གི་རྡོ་རྗེ་”ཞེས་མཚན་གསོལ་བ་མཆོག་ནི། ༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ (༡༩༢༤-༡༩༨༡) མཆོག་གིས་གདུལ་བྱའི་ཕྲིན་ལས་ཀྱིས་འཛམ་གླིང་གི་ཕྱོགས་ཀུན་ཏུ་ཁྱབ་པར་མཛད་པའི་མཐར་མ་འོངས་ལུང་བསྟན་འདའ་ཁའི་ཞལ་ཆེམས་( ཨེ་མ་ཧོ། རང་རིགས་ནི་ཀུན་ཏུ་བདེ། །ཆོས་ཀྱི་དབྱིངས་ལ་མཐའ་དབུས་བྲལ། །འདི་ནས་བྱང་ཕྱོགས་ཁ་བ་ཅན་གྱི་ཤར། །ལྷ་ཡི་གནམ་ལྕགས་རང་བྱུང་འབར་བའི་ཡུལ། །འདོད་འཇོ་མཚན་པའི་འབྲོག་སྡེ་མཛེས། །ཐབས་ནི་དོན་གྲུབ་ཤེས་རབ་བློ་ལ་དགའ། །
ས་ལ་སྤྱོད་པའི་ལོ་ཁམས་པ། །ཀར་མོ་རྒྱང་གྲགས་ངོ་མཚར་ཅན། །ཀརྨ་པ་ཞེས་ཡོངས་སུ་གྲགས། །རྗེ་དོན་ཡོད་གྲུབ་པས་རྗེས་སུ་འཛིན། །ཕྱོགས་རིས་མེད་པས་ཕྱོགས་མཐར་ཁྱབ། །ཉེ་རིང་མེད་པས་འགྲོ་བའི་མགོན། །རྒྱལ་བསྟན་གཞན་ཕན་ཉི་མ་རྟག་ཏུ་འབར། ཡང་སྲིད་རིན་པོ་ཆེའི་བཀའ་རྒྱ་ཕྱག་བྲིས་མགུལ་སྲུང་གསང་རྒྱའི་ཚུལ་དུ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེར་སྩལ། ཡབ་སྲས་རྣམས་ལ་ཕྲིན་ལས་ཀྱི་ལྷག་མ་སྐྱོང་ཚུལ་སོགས་ཞལ་བཀོད་མཛད་ནས་མཐར་ཡུན་མི་རིང་བར་ཕྱི་ལོ་ ༡༩༨༡ ཟླ་ ༡༡ ཚེས་ ༥ དང་བོད་ཟླ་ ༩ ཚེས་ ༨ ཉིན་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་སྐུའི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་ལོ་ངོ་བཞིའི་རིང་ཞིང་གཞན་རྣམས་སུ་འགྲོ་དོན་གཟིགས་པར་མཛད་དེ། ཤིང་ཁྱི་བོད་ཟླ་ ༦ ཚེས་བཟང་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཡུམ་གྱི་ལྷུམས་སུ་ཞུགས་པའི་སྔོན་རྗེས་སུ་མཚན་ལྟས་ལས། རྒྱལ་ཡབ་ཆོས་རྡོ་ཀརྨ་དོན་གྲུབ་བཀྲ་ཤིས་ཀྱི་མནལ་ལམ་དུ་མཆོད་རྟེན་ཆེན་པོ་ཞིག་མི་མང་པོའི་དཀྱིལ་དུ་མཆིས་པའི་ནང་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་སྐུ་གསུམ་བསྣམས་ནས་ཆུ་བོ་ཆེན་པོའི་ཕ་རོལ་དུ་བགྲོད་དེ་སྐུ་རྣམས་མི་གཞན་ལ་བདག་སྤྲོད་མཛད་པ་རྨིས། ཡུམ་ག་ཟི་བློ་དགའི་མནལ་ལྟས་ནི། བྱ་ཁྲུང་ཁྲུང་གསུམ་ནམ་མཁའ་ལས་བབས་ཏེ། གཅིག་གིས་གསོལ་ཞོ་བཞེས་དཀར་ཆེན་པོ་གཅིག་ཕུལ་བ་དང་། གཅིག་གིས་གསེར་ཡིག་ཤེལ་ཤོག་གིས་གཡོགས་པ་ཞིག་བུའི་བརྟག་ཡིག་རེད། ད་ལྟ་གཞན་ལ་གསང་རྒྱ་གྱིས། པདྨ་འབྱུང་གནས་ཀྱིས་སྩལ་བ་རེད་ཅེས་གསོལ་ཞལ་ཁར་བཞག་ནས་གནང་བྱུང་བ་རྨིས། ཡང་ཡུམ་གྱི་མནལ་ལམ་དུ་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་རང་ཚུད་པའི་འཇའ་ནང་མའི་དབུས་དཔལ་བེའུ་སོགས་འཇའ་རིས་སྣ་ཚོགས་གསལ་བ་དཔལ་བེའུ་ཁུག་པ་ནས་ཕྱག་གིས་འཇུས་ནས་ཡབ་ལ་བསྟན་པ་རྨིས། སྐུ་མཆེད་གཅེན་པོ་ཡེ་ཤེས་རབ་གསལ་གྱི་མནལ་ལམ་དུ། ཆུ་བོ་ཆེན་པོའི་གཞུང་ནས་དུང་དཀར་སྐད་ཆེན་པོ་ཅན་ཞིག་རྙེད་པ་གཞན་ལ་སྤྲད་པ་རྨིས། འབྲུའི་ཕུང་པོ་ཆེན་པོའི་ཁྲི་ཐོག་ཏུ་ཨ་ཕོ་དགའ་དགའ་བཞུགས་པ་རྨིས། ཡང་ཨ་མྱེས་རྒན་པོའི་མནལ་ལམ་དུ་འཁྲུངས་ཁང་གི་སྦྲའི་ཆོན་ཐག་ལ་གསེར་གྱི་ཆ་རུས་བརྒྱན་པ་ཞིག་མཆིས་པས་འདི་གང་རེད། གང་ནས་བྱུང་ཞེས་མ་ཡུམ་བློ་དགའ་ལ་དྲིས་པས་ཡུམ་གྱིས་འདི་སློབ་དཔོན་པདྨས་གནང་བ་ཡིན་ཟེར་བ་རྨིས་པ་སོགས་རྨིས་ལྟས་སྣ་ཚོགས་དང་། མངོན་སུམ་དུ་བྱ་སྐྱ་ཁྲ་ཧོར་པ་ཞིག་སྦྲའི་ཆོན་ཐོག་ཏུ་བབས་ནས་སྐད་གྲགས་པ་དང་གཤོག་རྩེད་རྩེ་བ་སོགས་ངོ་མཚར་བའི་མཚན་ལྟས་བཟང་པོ་སྣ་ཚོགས་དུ་མ་དང་བཅས་ཏེ། བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་མདོ་ཁམས་ལྷ་ཐོག་བ་གོར་དུ་རྒྱལ་ཡབ་ཆོས་རྡོ་ཀརྨ་དོན་གྲུབ་བཀྲ་ཤིས་དང་། ཡུམ་ག་ཟི་བློ་དགའ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་གླང་བོད་ཟླ་ ༥ ཚེས་ ༡ དང་། ཕྱི་ལོ་ ༡༩༨༥ ཟླ་ ༦ ཚེས་ ༡༩ གཟའ་སྐར་མཆོག་ཏུ་དགེ་བའི་ཉིན་འདབ་ཆགས་ཡོངས་ཀྱིས་སྐད་སྙན་སྒྲོགས་པ། སྦྲ་ཐོག་དང་ཉེ་ལོགས་སུ་འཇའ་ཚོན་ཤར་བ་དེ་ཉིན་ཐོ་རངས་ཀྱི་དུས་སུ་སྐུ་འཁྲུངས་པར་སྐུ་ལུས་ལ་མངལ་གནས་ཀྱི་དྲི་མས་མ་གོས་པར་སྐུ་ཆུས་བཀྲུས་པ་ལྟར་སྐུ་འཁྲུངས་མ་ཐག་ནས་བཞུགས་པ་དང་། ༸རྒྱལ་དབང་རིག་པའི་རྡོ་རྗེའི་བཀའ་ལུང་ལས། ཀར་མོ་རྒྱང་གྲགས་ངོ་མཚར་ཅན་ཞེས་གསུངས་པ་ལྟར་གནམ་ས་བར་སྣང་ཀུན་ནས་དུང་སྐད་དང་། རོལ་མོ། སིལ་སྙན། རྒྱ་གླིང་གི་སྐད་ཤིན་ཏུ་སྙན་པའི་སྒྲ་ཆེན་པོ་གྲགས་པ་སོགས་ཡུལ་ཕྱོགས་ཀྱི་མི་སྡེ་ཀུན་གྱི་སྤྱོད་ཡུལ་དུ་མངོན་སུམ་གྱུར་པ་ངོ་མཚར་བའི་མཚན་མ་སྣ་ཚོགས་དང་བཅས་ཏེ་སྐུ་བལྟམས། མཚན་ལ་ཨ་ཕོ་དགའ་དགའ་གསོལ།
འཁྲུངས་གཞིས་ལྷ་ཐོག་བ་གོར་ནི། ནང་ཆེན་གྱི་ཤར། སྡེ་དགེ་འཇོ་མདའི་ནུབ། ཆབ་མདོའི་བྱང་། ནུབ་ངོས་ནས་ཟླ་ཆུ་དང་ཤར་ངོས་ནས་འབྲི་ཆུ་འབབ་པའི་བར་སྒང་གི་འབྲོག་ཁུལ་ཡིན། འཁྲུངས་གཞིས་སུ་སྐུ་མཆེད་སྲས་གསུམ་དང་སྲས་མོ་དྲུག་ཡབ་ཡུམ་རྣམ་གཉིས་ཏེ་སྐུ་འཁོར་བཅུ་གཅིག་ཡོད། སྐུ་བལྟམས་ནས་ཟླ་བ་བརྒྱད་བཞེས་སྐབས། ༸རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་གི་སྐུ་དཔར་དབུ་ཐོག་ཏུ་འཇོག་པར་མཛད་པ་དང་། ཡང་སྐབས་ཤིག་བཞུགས་གདན་མཐོ་སར་བཞུགས་ནས་དབུ་ཞྭ་བསྒྲོན་པའི་ཆ་ལུགས་མཛད། དགུང་ལོ་གསུམ་ནས་ཡུམ་གྱི་སྐུ་པང་དུ་བཞུགས་པར་མི་མཛད། རྡོ་དང་སྤོ་མཐོ་སོགས་ཀྱིས་ཁྲི་བརྩིགས་ཏེ་བཞུགས་ནས་ཚིག་བདུན་གསོལ་འདེབས་སོགས་གསུངས། སྐུ་ཆུང་དུས་ནས་སེམས་ཅན་སྒོ་བཤས་རིགས་ལ་སྙིང་རྗེ་ཆེན་པོ་འཁྲུངས་ཏེ་གསུང་ནན་ཆེན་པོས་བཤུམས་པ་སོགས་མཛད། འཁྲུངས་ཁང་དུ་སྐུ་རྩེད་མཛད་ནས་བཞུགས་ཤིང་འཕྲལ་དུ་ཨ་ཕ་རླངས་འཁོར་ནས་ལྷུང་སོང་གསུངས། ནང་མིས་དེ་འདྲ་སྨྲ་མི་རུང་བ་ལ་ཟེར་ནས་ཚིག་ངན་ཕུལ། ཡང་ཨ་ཕ་ད་སྲོག་སྐྱོན་མ་བྱུང་གསུངས་པ་ལྟར། རྒྱལ་ཡབ་ཚོང་བསྐོར་གྱི་འགྲུལ་རོགས་ཚང་མས་ཤེས་གསལ་ཡབ་རླངས་འཁོར་ཁ་ནས་ལྷུང་སོང་ཡང་སྐུ་ལ་ཉེ་ཞོ་གང་ཡང་མ་བྱུང་བར་ཁྱིམ་དུ་ཕེབས། ཡུལ་དེར་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་མི་ཀུན་གྱིས་ཐུག་རེག་མི་ཕོད་པ་དེའི་ཐོག་ཏུ་ན་བཟའ་བཀབ་སྟེ་སྟེང་ན་སྐྱིལ་ཀྲུང་དུ་སྐུ་གཅེར་བུར་བཞུགས། དེ་སྐབས་ཆབ་མདོ་རི་བོ་ཆེའི་ཁ་ཚ་པྲ་ཕབ་ལ་ཞུས་པས། པྲ་ཡིག་ཤར་བ་ལས། ཀརྨ་དོན་གྲུབ་ཀྱི་བུ་ལ། དཀོན་མཆོག་གསུམ་གྱིས་རྒྱབ་བརྟེན་མཛོད། །འདི་ནི་གཡས་འཁྱིལ་སྒྲ་ལྡན་པ། །འགྲོ་ལ་ཕན་པའི་བུ་སྐྱེས་བཟང་། །ད་ལྟ་སུ་ཡིས་བདག་འཛིན་དབེན། །ལོ་བརྒྱད་དུས་སུ་རིམ་པས་གསལ། །ལུས་ལ་སྲུང་བ་གྲངས་མང་བརྒྱན། །ཕ་མས་དུས་གསུམ་སངས་རྒྱས་གྲངས་བསགས། །གུ་རུ་ཞི་བའི་སྟོང་ཚོགས་དང་། །སྒྲོལ་མའི་གཟུངས་སྔགས་བརྒྱ་ཚར་འགྲུབ་པར་གྱིས། །ཁྲི་ཁར་དུང་དཀར་ཤར་བ་གསུངས། །ཞེས་དང་། སྐུ་རྩེད་ཀྱི་ཚུལ་དུ་རྡོ་ལེབ་ཆེན་པོ་ཞིག་གི་སྟེང་དུ་ཞབས་བྲོ་འཁྲབ་ཚུལ་མཛད་པ་རྗེས་སུ་ཞབས་རྗེས་ངོ་མཚར་བ་ད་ལྟ་གསལ་པོ་མཇལ་དུ་ཡོད།
དགུང་ལོ་བཞིའི་ཐོག་ལྷ་ཐོག་དཀར་ལེགས་དགོན་པའི་ཨ་མདོ་བླ་མ་དཔལ་ལྡན་གྱིས་བདག་གཅེས་མཛད་ནས་དཔེ་ཀློག་ཕྲན་ཙམ་ཕུལ་དུས་མ་བསླབས་པར་ཡང་ཚེགས་མེད་དུ་མཁྱེན། ཀུན་གྱིས་སྐྱེས་བུ་དམ་པ་ཞིག་ཡིན་པའི་ངེས་རྙེད་བྱུང་ནས་གྲལ་དབུས་སུ་ཁྲི་ཆུང་ངུ་ཞིག་ཏུ་བཞུགས་སུ་གསོལ། ཉིན་ཞིག་ང་འགྲོ་ཁར་དཀར་ལེགས་དགོན་པས་གྲ་སྒྲིག་གང་འདྲ་བྱེད་རྒྱུ་རེད་དམ་སོགས་གསུང་མང་དུ་བྱོན། ཕྱི་ལོ་ ༡༩༩༢ ཟླ་ ༥ ཚེས་ ༡༢ ཉིན་ནས་སྐུ་གོང་མའི་འདའ་ཁའི་ཞལ་ཆེམས་ཀྱི་དགོངས་དོན་བཞིན་གདན་ས་མཚུར་ཕུ་དང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རིན་པོ་ཆེ་སྐུ་ཚབ་སོགས་ནས་ལྷ་ཐོག་བ་གོར་དུ་ཡང་སྲིད་རྩད་དཔྱོད་མཐིལ་ཕྱིན་ཞུས། ཡབ་ཆོས་རྡོ་ཀརྨ་དོན་གྲུབ་ཀྱི་ཕྱག་ཏུ་༸གོང་མའི་ཞལ་ཆེམས་ཕུལ་སྐབས་འཇའ་ཚོན་སྣ་ལྔས་གཏུམས་པ་ཞིག་ཤར་བས་མགྲོན་གཉེར་དོ་མོས་སྐབས་དེར་སྐུ་པར་བསྒྲོན་པ་ད་ལྟའང་མཇལ་དུ་ཡོད། དགུང་ལོ་བརྒྱད་མཚུར་ཕུ་ནས་གདན་འདྲེན་ཞུ་མི་རྣམས་མ་ཕེབས་པའི་ཉིན་ཞིག་འཁྲུངས་གཞིས་ཀྱི་ཉེ་ཆར་ཆུ་མིག་བཟང་པོ་ཡོད་པ་དེར་སྐྱེ་ཤིང་ཤུག་པ་འཛུགས་པ་དང་རབ་གནས་མཛད་པ་སྐུ་འདྲ་འཇོག་པ་སོགས་སྐུ་རྩེད་ཀྱི་ཚུལ་དུ་མཛད་པས་ནམ་མཁར་ཉི་མ་གསུམ་ཤར་བ་ཆབ་མདོ་དང་སྡེ་དགེའི་ཕྱོགས་ཀྱི་མི་སྡེ་ཀུན་གྱིས་དངོས་སུ་མཐོང་།
ཆོས་རྗེ་དེ་བཞིན་གཤེགས་པའི་ལུང་བསྟན་དང་། ༸རྒྱལ་དབང་ཀརྨ་པ་སྐུ་གོང་མའི་འདའ་ཁའི་ཞལ་ཆེམས་གོང་གསལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡེ་ཤེས་དབྱིངས་གཟིགས་ (སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་སྣང་ལས། “རི་ངོས་སྤང་ལྗོངས། གཡས་གཡོན་དུ་ཆུ་གཉིས་ཅན་གཟིགས་པ། ཡབ་ཚང་གི་འབྲོག་གཞིས་བ་གོར་གྱི་ཆགས་ཚུལ་དང་མཐུན་པ་བྱུང་བ་མ་ཟད། ཀརྨ་པའི་འཁྲུངས་ས་བ་གོར་འབྲོག་སྡེ་འདི་རེད།” ཅེས་ཨིན་སྐད་དུ་གསུངས་པ་ད་ལྟ་ཀུན་གྱིས་མཇལ་ལམ་དུ་ཡོད།) དང་། རིས་མེད་བླ་ཆེན་རྣམས་ཀྱི་ཉམས་སྣང་མནལ་ལམ་སོགས་རྩེ་མཐུན་བྱུང་བས་ཀར་རབས་བཅུ་དྲུག་པ་༸རྒྱལ་དབང་རང་བྱུང་རིག་པའི་རྡོ་རྗེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ཐག་ཆོད་སྦུག་དམ་བཀའ་ཡིག་ (༄༅། །གཤམ་གསལ་ཞལ་ཆེམས་དོན་མཐུན་སྐྱེད་བྱེད་ཀརྨ་དོན་གྲུབ་དང་། མ་ཡུམ་བློ་དགའ་གཉིས་ཀྱི་ཁྱེའུ་ཤིང་གླང་ལོ་པ་དེ་བཞིན་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གཏན་འཁེལ་བྱེད། སྐུ་ཚེ་མཛད་འཕྲིན་རྒྱས་པའི་སྨོན་འདུན་བཅས། ཏཱ་ལའི་བླ་མས། བོད་ཆུ་སྤྲེལ་ཟླ་ ༤ ཚེས་ ༣༠ ཕྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༣༠ ལ་) སྤྱི་བོའི་རྒྱན་དུ་ཕེབས་པ་དང་འབྲེལ། ༸རྒྱལ་དབང་བཅུ་དྲུག་པའི་སྲས་ཀྱི་ཐུ་བོ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རིན་པོ་ཆེ་རྣམ་གཉིས་ནས་༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གི་ཡང་སྲིད་འཁྲུལ་མེད་ཡོངས་གྲགས་ངེས་རྙེད་ཐག་ཆོད་ཀྱིས་ཀུན་ལ་གཏམ་སྙན་དྲིལ་བསྒྲགས།
ཕྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༡༤ བོད་ཟླ་ ༤ ཚེས་ ༡༢ ཉིན། དུལ་མོ་ཆོས་རྗེས་ན་བཟའ་རྟེན་གསུམ་སྐུ་ཁྲུས་གསོལ། གདན་ས་མཚུར་ཕུའི་མི་སྣ་རྣམས་ནས་དཀར་ལེགས་དགོན་པ་ནས་གདན་དྲངས་ཏེ་གཉན་ཆེན་ཐང་ལྷའི་མདུན་དུ་སྒར་ཆེན་ལྷ་སྡེ་མི་སྡེའི་བྱོན་བསུ་དང་པོའི་དབུ་གུར་ཆེན་མོའི་ཁྲི་ཁར་བཞུགས་མ་ཐག་ཏུ་འབྲུག་སྒྲ་ཆེན་པོ་སྒྲག་པ་བྱུང་། ཟླ་ ༦ ཚེས་ ༡༥ ཉིན་འོག་མིན་མཚུར་ཕུའི་གདན་ས་ཆེན་པོར་སྟག་སྣ་ཏྲེ་བོ་རིན་པོ་ཆེ་དང་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ། གྲུབ་ཆེན་ཀརྨ་ནོར་བུའི་ཐུགས་སྲས་བླ་མ་ཀར་སྟོབས་རིན་པོ་ཆེ་སོགས་དགེ་འདུན་འདུས་ཚོགས་ནས་བྱོན་བསུའི་སེར་སྦྲེངས་ཚར་དུ་དངར་བ་དང་། ལྷ་བསངས་ཀྱི་དུད་སྤྲིན་དང་ནམ་མཁའ་ནས་ཆར་འཇམ་དང་འཇའ་སྤྲིན་སྨུག་རླངས་སོགས་ཡུལ་ཁམས་ཀུན་སྣུམ་འོད་ལྡན་པ་མངོན་གསལ་བྱུང་བ་དང་། སྐྱེ་རྒུ་ཕོ་མོ་ཀུན་གྱིས་དགའ་སྟོན་གླུ་གར་བྲོ་རྡུང་དང་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་གི་ཡང་སྟེང་ནས་ཐོག་རོལ་རྒྱས་པ་དང་། འདུས་ཚོགས་ནས་ནོར་བུའི་ཕྲེང་བས་སེར་སྦྲེངས་། བརྒྱ་བྱིན་དང་ཧྭ་ཤང་། མ་མགོན་མགར་གསུམ། མི་ཚེ་རིང་། རྒྱ་རོལ། རྒྱ་སེང་། ལྷ་མི་ཡོངས་ཀྱིས་ཕེབས་བསུ་ཞུས་ཤིང་མེ་གཏོར་སྟོར། ལྷ་མོ་བ་དང་གཞས་མ། ཞབས་བྲོ་སོགས་དད་ལྡན་ཁྲི་ཚོས་སྤྱན་དྲངས་ནས་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་ཟུང་གི་རེ་ཁཱ་མངོན་པར་བཀོད་དེ་མཎྜལ་རྟེན་གསུམ་དང་དཀར་སྤྲོ་སྡེར་བཤམས་རྟེན་འབྲེལ་གསོལ་ཇ་བཞེས་འབྲས་འདེགས་འབུལ་གྱིས་སྒར་པའི་དགའ་སྟོན་གཟབ་རྒྱས་ཞུས། དད་ལྡན་སེར་སྐྱ་ཡོངས་ལ་མཇལ་ཁའི་བྱིན་རླབས་ཀྱི་བཀའ་དྲིན་ཆེ་གྲུབ་རྟིང་དབུ་རྩེ་གཟིམ་ཆུང་དུ་དགྱེས་སྤྲོའི་ངང་སྟོན་འཁོར་ཞལ་རྒྱས་སུ་འཁོད་དོ། །
ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༡༣ ཉིན་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རིན་པོ་ཆེ་རྣམ་གཉིས་འཕགས་ཡུལ་ནས་བོད་དུ་ཆེད་ཕེབས་ཀྱིས་གདན་ས་མཚུར་ཕུར་ཡབ་སྲས་གསེར་ཞལ་ཉིན་ལ་མ་ཡི་པང་དུ་བུ་འཇུག་པའི་དགྱེས་མཉེས་ཐུགས་བརྩེ་ཆེ་བར་མཛད། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༢ བོད་ཟླ་ ༦ ཚེས་ ༤ ཉིན་༸རྒྱལ་བའི་ཆུང་སྲིད་རིན་པོ་ཆེ་མཆོག་གདན་ས་མཚུར་ཕུ་ནས་ལྷ་ལྡན་གཙུག་ལག་ཁང་དུ་གདན་དྲངས། གཙུག་ལག་ཁང་གི་འདུས་དམངས་ནས་བསུ་བ་སེར་སྦྲེངས་དང་དབུས་དང་ཕྱོགས་གླིང་མཐའ་དབུས་ནས་འདུས་པའི་ཀཾ་ཚང་གི་བླ་སྤྲུལ་ལྷ་སྡེ་མི་སྡེ་དང་བོད་རང་སྐྱོང་ལྗོངས་ནས་བསུ་བ་གཟབ་སྒྲིག་གིས་གདན་ཞུས། སྟོན་མཆོག་དོན་ཀུན་གྲུབ་པ་དངོས་ཀྱིས་རབ་གནས་མཛད་པའི་རྟེན་མཆོག་ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུའི་སྤྱན་སྔར། ༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རིན་པོ་ཆེ་རྡོ་རྗེའི་མཆེད་པོ་རྣམ་གཉིས་ནས་༸རྒྱལ་བའི་ཆུང་སྲིད་རིན་པོ་ཆེའི་དབུ་སྐྲ་གཙུག་ཕུད་བཞེས། སྟག་སྣ་ཏྲེ་བོ་༸ཞབས་དྲུང་རིན་པོ་ཆེས་དྲི་མེད་དངུལ་དཀར་གྱི་གཞོང་པ་གཟེད་དེ་དབུ་ལོ་རྣམས་ཞུས། གཏེར་ལུང་ནང་གསལ། དཔལ་༸ཁྱབ་བདག་རང་བྱུང་ཨོ་རྒྱན་རྒྱལ་བའི་མྱུ་གུ་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་རྩལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གསོལ་དང་། གངས་ལྗོངས་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་གཉེར་བསྐུར་མཛད་པའི་ལེགས་སྐྱེས་མཇལ་དར་ཉིན་མོ་བདེ་ལེགས་དང་མགུལ་སྲུང་སྒྲོན་འབུལ་ཞུས་ཏེ་བཀྲ་ཤིས་དོན་ལྡན་དུ་གྱུར།
ཕྱི་ལོ་ ༡༩༩༢ ཟླ་ ༩ ཚེས་ ༢༧ བོད་ཟླ་ ༨ ཚེས་ ༡ ཉིན། ༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རྣམ་གཉིས་དབུས་སྟ་སྣ་༸ཞབས་དྲུང་ཏྲེ་བོ་བཅུ་པ་དང་། བོད་ཡུལ་སྟོད་སྨད་བར་གསུམ་སོགས་ཕྱོགས་གླིང་མཐའ་དབུས་ནས་འདུས་པའི་ཀཾ་ཚང་གི་བླ་སྤྲུལ་ལྷ་སྡེ་མི་སྡེ། རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དང་འཛམ་གླིང་གི་ཆེ་དགུ་གྲངས་ལས་འདས་པའི་དབུས་སུ། དཔལ་ཀརྨ་བཀའ་བརྒྱུད་པ་ཡོངས་ཀྱི་ཆོས་འཁོར་མ་དྲོས་པའི་རྒྱ་མཚོ་ལྟ་བུའི་འབྱུང་གནས་གཅིག་པུ། འོག་མིན་གཉིས་པ་མཚུར་མདོ་བོ་ལུང་གི་གནྡྷོ་ལ་ཆེན་པོར་མི་འཇིགས་སེངྒེས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་དྲུག་པ་སེངྒེ་རྒྱལ་མཆོག་༸ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་ལྷ་མིའི་སྟོན་མཆོག་དམ་པར་མངའ་གསོལ། བཀྲ་ཤིས་པའི་རྟགས་རྫས་རྣམས་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེས་ཕུལ། ཕུན་ཚོགས་ལྔ་ལྡན་དང་མཎྜལ་རྒྱས་བཤད་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རིན་པོ་ཆེས་ཕུལ། དེར་འདུས་མཁས་པ་གཞན་རྣམས་ནས་ཀྱང་ཆོས་ཀྱི་མཆོད་སྤྲིན་ཅི་རིགས་བསྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་རེན་ཝུའུ་ཀྲིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤིས་བརྗོད་སྒྲོགས་སྦྱང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ད་བར་སྤྲུལ་སྐུ་ངོས་འཛིན་མཛད་པ་ཐེངས་དང་པོ་ཡིན་པ་སོགས་ཀྱི་ཆེ་བསྟོད་ཕུལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུས་གཉིས་པའི་ཅུས་ཀྲང་ཡེ་ཞའོ་ཝུན། བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡི། རྒྱལ་མཚན་ནོར་བུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་འབྲོག་མི་བྱམས་པ་བློ་གྲོས། ཚེ་སྨོན་གླིང་། སྟག་སྣ་ཏྲེ་བོ། སྟག་ལུང་རྩེ་སྤྲུལ། ཁྲོ་རུ་ཚེ་རྣམ་སོགས་རིས་མེད་ཀྱི་བླ་སྤྲུལ་ཆེ་ཁག་དུ་མ་དང་། ས་སྐྱ། འབྲི་གུང་། སྟག་ལུང་། འབྲུག་པ། དཔལ་སྤུངས། མཆོད་ཁང་གོང་། གནས་ནང་། སྟག་སྣ། བསམ་ཡས། སྨིན་གྲོལ་གླིང་། དགའ་ལྡན། འབྲས་སྤུངས། སེ་ར། བཀྲ་ཤིས་ལྷུན་པོ། ནོར་བུ་གླིང་ཁ་སོགས་བོད་ཡུལ་སྟོད་བར་གསུམ་དང་རྒྱ་བལ་འབྲས་འབྲུག་ལ་དྭགས་སོགས་རྒྱལ་ཕྱི་ནང་གཞིས་བྱེས་རིས་མེད་ཀྱི་དགོན་སྡེ་ཁག་གིས་འབུལ་ཆེན་བླ་མེད་དུ་བཏེགས་ཏེ་དུས་གསུམ་རྒྱལ་ཀུན་ཕྲིན་ལས་ཀྱི་མངའ་བདག་ཆེན་པོ་མང་བཀུར་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ལེགས་པར་བསྐྱངས། བོད་ཚེས་ ༣ ཉིན་གོང་གསལ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་སོ་བཞི་ཙམ་ནས་གོང་མའི་ཞལ་སློབ་ཆོས་ཚོགས་དང་གཉུག་མར་གནས་པ་དང་གློ་བུར་ལྷགས་པ་མི་གྲངས་ལྔ་ཁྲི་ལ་ཉེ་བར་བཀའ་དབང་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཆེས་ཐོག་མར་སྩལ་ཏེ་བཀྲ་ཤིས་དོན་ལྡན་དུ་མཛད།
དགུང་ལོ་བརྒྱད་ཐོག་ཏུ་ཆོས་རྗེ་༸རང་བྱུང་རྡོ་རྗེའི་སྒྲུབ་གནས་བདེ་ཆེན་གཡང་རི་དང་༸མི་བསྐྱོད་རྡོ་རྗེའི་སྒྲུབ་གནས་ཀུང་གི་རི་ཁྲོད་དུ་འཁོར་དགེ་འདུན་དྲུག་ཅུ་ཙམ་དང་བཅས་བྱོན་ནས་རྟེན་འབྲེལ་གྱི་མཛད་སྤྱོད་སྣ་ཚོགས་མཛད། ཕྱི་ལོ་ ༡༩༩༤ ཟླ་ ༨ ཚེས་ ༡༠ ཉིན། ༸སྐྱབས་རྗེ་དཔའ་བོ་སྐུ་གོང་མ་གཙུག་ལག་སྨྲ་བའི་དབང་ཕྱུག་གི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་དང་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་དཔལ་ལྡན་དཔའ་བོ་གཙུག་ལག་སྨྲ་བའི་སྒྲ་དབྱངས་རང་བྱུང་ཁྱབ་བདག་ཆོས་ཀྱི་རྒྱལ་མཚན་མཁྱེན་རབ་རྣམ་དག་གཞན་ཕན་མཁའ་སྤྱོད་ཕྲིན་ལས་ཀུན་ཁྱབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༡༨ ཉིན་ལྷ་སའི་ཇོ་ཤཱཀ་རྣམ་གཉིས་དང་ཕོ་བྲང་པོ་ཏཱ་ལར་གནས་གཟིགས། རིམ་པ་བཞིན་གདན་ས་སེ་འབྲས་དགེ་གསུམ་དང་། གདན་ས་བཀྲ་ཤིས་ལྷུན་པོ། ཞ་ལུ་དགོན། སྙེ་ཐང་། འབྲི་གུང་གདན་ས་མཐིལ་སོགས་ལ་གནས་གཟིགས་སུ་བྱོན་པར་ཀུན་ནས་བསུ་བ་གཟབ་རྒྱས་ཞུས།
ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༢༥ ཉིན་ལྷ་ས་ནས་གོང་དཀར་གནམ་ཐང་དུ་བྱོན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་སྐྱིད་སྦུག་ཕུན་ཚོགས་ཚེ་བརྟན། ཀྲུའུ་ཞི་གཞོན་པ་ཧྲི་ཀྲང་བློ་བཟང་དོན་གྲུབ། རྭ་སྒྲེང་རིན་པོ་ཆེ། རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྕགས་ར་སྤྲུལ་སྐུ་བློ་བཟང་བསྟན་འཛིན། སྟོད་ལུང་བདེ་ཆེན་རྫོང་གི་འགོ་ཁྲིད་དུ་མས་ཕེབས་སྐྱེལ་དང་གཞུང་འབྲེལ་དཔོན་རིགས་སྣེ་ཤན་ལྷན་བཅར་ཁྲེང་ཏུའུ་བརྒྱུད་པེ་ཅིན་དུ་གཞུང་འབྲེལ་གདན་དྲངས་པ་བཞིན་རྒྱ་གཞུང་གི་དཔོན་རིགས་རྣམས་དང་མཇལ་འཕྲད་ཆེ་མཐོང་གཟིགས་སྐྱོང་བླ་མེད་ཞུས། ཧྲང་ཧའེ་སོགས་གྲོང་ཁྱེར་ཁག་དང་། རི་བོ་རྩེ་ལྔ་དང་གླང་ཆེན་འགྱིང་རིའི་གནས་ཆེན་ཁག་ཏུ་བྱོན་པར་རྒྱ་རིགས་དད་འདུས་སྟོང་ཚོ་དུ་མར་མཇལ་ཁ་སྩལ།
ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༢ ཉིན། ༸སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་གསུམ་པ་བློ་གྲོས་ཆོས་ཀྱི་སེངྒེའི་འཁྲུལ་བྲལ་ཡང་སྲིད་ངོས་འཛིན་ཐག་གཅོད་གཏན་འཁེལ་བགྱིས་ཏེ་མཚན་འཇམ་མགོན་བློ་གྲོས་ཆོས་ཀྱི་ཉི་མ་བསྟན་པའི་སྒྲོན་མེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། ཕྱི་ལོ་ ༡༩༩༨ ཟླ་ ༣ ཚེས་ ༢༠ ཉིན་ལྷ་ས་ནས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཕྲིན་ལས་ཀྱི་ཕྱགས་ཕྱིའི་འོག་སྟོན་འཁོར་ལྷ་ས་ནས་ལྷོ་ཁ་ཁུལ་དུ་གནས་མཇལ་དང་གཟིགས་སྐོར་དུ་བྱོན། སྤྱི་ཚེས་ ༢༡ ཉིན་རྩེད་ཐང་ནས་རྒྱ་ཚ་རྫོང་དུ་བྱོན། དད་ལྡན་སྟོང་ཚོར་མཇལ་ཕྱག ཚེས་ ༢༢ ཉིན་དྭགས་ལྷ་སྒམ་པོའི་ཕག་མོའི་ཚོགས་མགོན་དུ་བྱོན། ཆོས་ཁྲི་སྒང་ལ་མངོན་པར་བཞུགས་ཏེ་དད་ལྡན་སེར་སྐྱ་སྟོང་ཚོ་གསུམ་ལྷག་ཙམ་ལ་མཇལ་ཕྱག་སྩལ། ཕྱིར་བྱོན་ལམ་གྲོང་སྡེའི་དད་ལྡན་ཇི་སྙེད་ལ་མཇལ་ཕྱག་སྩལ། ཚེས་ ༢༤ ཉིན་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་དུ་ཐུབ་བསྟོད་དང་སྒྲོལ་མའི་ཞལ་འདོན་མཛད། མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་ལ་ཞབས་བཅགས། ཁྲ་འབྲུག་དང་ཡུམ་བུ་བླ་སྒང་རི་གཤམ་མང་ཚོགས་སྟོང་ཚོ་གཉིས་ལ་མཇལ་ཕྱག་སྩལ། ཚེས་ ༢༥ ཉིན་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་གི་ཚོགས་དབུར་བྱོན་ནས་དཀོན་མཆོག་སྤྱི་འདུས་དང་ཐུགས་དམ་གསུངས། དད་ལྡན་སྟོང་ཚོར་མཇལ་ཕྱག
ཚེས་ ༢༦ ཉིན་དབེན་རྩ་ངོ་མཚར་ལྷ་ཁང་དུ་བཛྲ་གུ་རུའི་ལྗགས་ལུང་དང་མཇལ་ཕྱག་སྩལ། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་གནས་བྲག་དམར་ཀེའུ་ཚང་དུ་བྱོན། སྒྲུབ་ཕུག་གི་བཞུགས་ཁྲིར་འཁོད། གསང་ཐིག་ཕུར་པ་དང་གསོལ་ཁ་མཛད། མཇལ་ཕྱག་དང་བཛྲ་གུ་རུ་དང་ཀར་མཁྱེན་གྱི་ལྗགས་ལུང་། གུ་རུའི་སྒྲུབ་ཕུག བེ་རོའི་སྒྲུབ་ཕུག ཀརྨ་པ་རང་བྱུང་རྡོ་རྗེས་གཏེར་བཞེས་རྡོ་ཡི་མཆོད་རྟེན། ཚེས་བཅུའི་ཆུ་འགོ་སོགས་ལ་གནས་གཟིགས། ཞབས་ཐང་ལ་བསམ་ཡས་ཧས་པོ་རི་རྩེའི་མཁན་སློབ་ཆོས་གསུམ་ལྷ་ཁང་དུ་བྱོན། རྙོག་མ་གཏིང་དྭངས་ཀྱི་སྒོ་ནས་ཞལ་འདོན་མཛད། ཚེས་ ༢༧ ཉིན་སྔ་འགྱུར་རྙིང་མའི་གདན་ས་ཨོ་རྒྱན་སྨིན་གྲོལ་གླིང་ཚོགས་དབུར་བྱོན་ཏེ་ཚེས་བཅུ་ལེབ་བརྒྱད་གསུངས། སྟོང་ཚོ་གསུམ་ཙམ་ལ་མཇལ་ཕྱག་སྩལ། ཚེས་ ༢༨ ཉིན་ལྷོ་བྲག་ཏུ་བྱོན། དད་ལྡན་སྟོང་ཚོ་གཉིས་ཙམ་ལ་མཇལ་ཕྱག་སྩལ།
ཚེས་ ༢༩ ཉིན་སྲས་མཁར་དགུ་ཐོག་ཏུ་བྱོན། མི་ལའི་བླ་སྒྲུབ་གསུངས། དད་ལྡན་སྟོང་ཚོ་ལ་མཇལ་ཕྱག་སྩལ། སྲས་མཁར་དུ་སྐུ་བཞུགས། མཚན་མོར་ཁ་བ་བབས། འགའ་ཞིག་གིས་བཀའ་བརྒྱུད་མཁའ་འགྲོ་ལྷ་ཚོགས་ཀྱིས་༸རྒྱལ་དབང་མཆོག་བཀའ་བརྒྱུད་གོང་མའི་གདན་ས་ལྷོ་གྲོ་བོ་ལུང་དང་སྲས་མཁར་དགུ་ཐོག་ཏུ་ཞབས་སོར་འཁོད་པར་སྔུན་བསུའི་རྟེན་འབྲེལ་དུ་མེ་ཏོག་གི་ཆར་བབས་པ་དང་གཉིས་སུ་མེད་ཅེས་ཀུན་གྱིས་གླེང། ཚེས་ ༣༠ ཉིན་མངའ་བདག་སྒྲ་སྒྱུར་གྱི་རྒྱལ་པོ་མར་པའི་གདན་ས་ལྷོ་གྲོ་བོ་ལུང་དུ་བྱོན་པར་མཁའ་འགྲོ་སྡེ་ལྔའི་འཆམ་གཟིགས་ཕུལ། རྗེ་བཙུན་མར་པའི་གཟིམ་ཆུང་དུ་མི་ལའི་བླ་སྒྲུབ་དང་ཐུགས་དམ་གསུངས། བྱོན་ལམ་དང་རྫོང་བཞུགས་གནས་དད་ལྡན་སྟོང་ཚོར་མཇལ་ཕྱག་སྩལ། ལྷོ་གནས་ཀྱི་དད་ལྡན་མི་དམངས་དང་དགོན་པ་སོ་སོ་ནས་བྱོན་བསུ་བླ་མེད་ཞུས། ༸རྒྱལ་དབང་མཆོག་གིས་གོང་གསལ་དགོན་པ་སོ་སོར་ཉམས་གསོའི་ཞལ་འདེབས་དང་། སྐུ་བརྙན། འདུས་དམངས་ལ་གསོལ་ཇ་བཞེས་ཐུག་སྐུ་འགྱེད་སོགས་ཀྱིས་བསྙེན་བཀུར། ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། ཚེས་ ༣༡ ཉིན་ལྷོ་བྲག་རྫོང་ནས་ཕྱིར་ལྷ་སར་བྱོན།
ཕྱི་ལོ་ ༡༩༩༩ ཟླ་ ༡ ཚེས་ ༦ ཉིན་ཐེངས་གཉིས་པ་རྒྱ་ནག་ཏུ་གདན་ཞུས་ཀྱིས་རྒྱལ་ས་པེ་ཅིང་དང་ཧྥུའུ་ཅན་དང་ཀྲེ་ཅང་སོགས་ཞིང་ཆེན་ཁག་ཏུ་ཟླ་བ་གཅིག་ཙམ་རིང་གཟིགས་སྐོར། གང་ཉིད་ལ་ཆེ་མཐོང་དང་གཟིགས་སྐྱོང་བླ་མེད་ཞུས་པ་དེས། གང་ཉིད་ཆབ་སྲིད་ཀྱི་ཕྱིར་བེད་སྤྱོད་བཞིན་མེད་དམ་སྙམ་པའི་ཐུགས་དོགས་དང་། འབྱུང་འགྱུར་སྐུ་ན་སྨིན་མཚམས་རྙོག་འཛིང་ཆེ་ལ་ཆེ་ཉམས་དོད་པའི་གོ་གནས་ཆེན་པོ་ཞིག་སྤྲོད་སྲིད་པའི་ཐུགས་དོགས་ཇེ་ཆེར་གྱུར། རྒྱ་གར་སོགས་སུ་གནས་གཟིགས་འབྱོན་རྒྱུའི་ཐུགས་རེ་རྒྱ་ནག་དབུས་གཞུང་ལ་ལན་མང་བརྗོད་ཀྱང་དོན་འབྲས་ཇི་བཞིན་མ་སོན། རྒྱ་གཞུང་གི་བེད་སྤྱོད་འོག་ཏུ་བོད་ཀྱི་བདེན་དོན་ལ་གནོད་པའི་བྱ་གཞག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་འགལ་བྱེད་པ་ནི་བོད་མི་རིགས་ཀྱི་བྱུར་དུ་གཟིགས་ཏེ། ༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་མཇལ་བཅར་དང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་ཞལ་སྔ་སོགས་ནས་དབང་ལུང་མན་ངག་རྣམས་གསན་བཞེས་མཛད་རྒྱུ་གལ་ཆེར་བརྩིས། སྐུ་གོང་མའི་གདན་ས་རུམ་བཏེག་ཏུ་འབྱོན་རྒྱུ་ཞོར་ལས་སུ་མཛད་དེ་ཐབས་ཤེས་ཡོད་དགུའི་མཐར་འཕགས་ཡུལ་དུ་བྲོས་བྱོལ་དུ་འབྱོན་རྒྱུའི་ཐུགས་ཐག་བཅད།
དེ་ནས་ཤུལ་གྱི་དགོན་སྡེ་དང་གཉེན་འབྲེལ་ལོངས་སྤྱོད་མཐའ་དག་རང་དགར་དོར་ཏེ། ཕྱི་ལོ་༡༩༩༩ ཟླ་ ༡༢ ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཐོག་མཚུར་ཕུ་ནས་གནས་ནང་བླ་མ་ཚེ་དབང་བཀྲ་ཤིས་དང་། བླ་མ་ཚུལ་ཁྲིམས་རྒྱལ་མཚན། སྒྲུབ་རྣམ། དར་རྒྱས། ཚེ་དབང་བཀྲ་ཤིས་བཅས་སེར་སྐྱ་ལྔ་སྐུ་སྲོག་དང་ངལ་བ་ལ་ཇི་མི་སྙམ་པར་ཐབས་ལ་མཁས་པ་དང་འགྱུར་བ་མེད་པའི་ཐུགས་བསྐྱེད་ཀྱིས་མི་མཐུན་པའི་ཉེར་འཚེས་རེག་པ་མེད་པར་གསང་རྒྱ་དམ་པོས་སྐུ་ངལ་དུ་མ་ཁྱད་དུ་བསད་དེ་རིམ་ཕེབས་ཀྱིས་རྒྱ་གར་རང་དབང་རྒྱལ་ཁབ་ཏུ་ཞབས་སོར་གྱི་རེ་ཁ་མངོན་པར་འཁོད་མཐར་ཕྱི་ལོ་༢༠༠༠ ཟླ་ ༡ ཚེས་ ༥ ཉིན་བཙན་བྱོལ་བོད་གཞུང་གི་རྒྱལ་ས་གཉིས་པ་དྷརྨ་ཤཱ་ལཱར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགྱེས་ཞལ་མཇལ། རིང་ནས་ཐུགས་ལ་བརྣག་པའི་སྨོན་དོན་གྲུབ་སྟེ་སྐྱབས་བཅོལ་སའི་སྐུ་གམ་དུ་འབྱོར་བའི་མཉེས་ཚོར། ༸རྒྱལ་དབང་མཆོག་གི་མཛའ་བརྩེའི་མཛད་སྤྱོད་དང་གསུང་སྙན་དག་གིས་ཡིད་ཕྲོགས་པ་རྣམས་ཚོགས་པས་ངུ་དགོད་ཅི་ཡང་མི་འཚལ་བའི་ཚོར་བ་ངོ་མཚར་ཅན་དུ་གྱུར། ཁུར་པོ་ཕབ་པ་ཇི་བཞིན་ཡིད་ཀྱི་དཀའ་ངལ་རྣམས་རྨེག་མེད་དུ་ཞི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གིས་གཟིགས་སྐྱོང་དང་། བོད་མི་དམངས་ཀྱིས་ཆེ་མཐོང་བློ་ཡུལ་དུ་ཤོང་དཀའ་བ་ཞུས། རྒྱ་གར་དབུས་གཞུང་ནས་ཀྱང་སྲུང་སྐྱོབ་བླ་མེད་མཛད། ༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རྣམ་གཉིས་ཀྱང་མཇལ་བས་ཐུགས་བཞེད་མ་ལུས་ལྷུན་གྱིས་གྲུབ། ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་མཐུན་འགྱུར་དང་བཅས་ཆོས་ནོར་མགྲོན་ཁང་ནས་རྒྱུད་སྟོད་གཙུག་ལག་ཁང་དུ་གནས་སྐབས་བཞུགས་གནས་སུ་གདན་དྲངས།
གདན་ས་རུམ་བཏེག་གི་ལྷ་སྡེ་མི་སྡེ་དང་རྒྱ་བལ་ཁུལ་གྱི་ཀཾ་ཚང་དགོན་པ་ཁག་དང་ཕྱི་རྒྱལ་ཆོས་ཚོགས་རྣམས་ཀྱང་རིམ་བཞིན་སྐུ་གམ་དུ་བཅར། རྒྱ་གར་དབུས་གཞུང་དང་ས་གནས་མངའ་གཞུང་གིས་སྐུ་བཅར་སྣེ་ཤན་དང་སྐུ་སྲུང་། རང་གཞུང་ཆོས་རིག་ལས་ཁུངས་ཀྱི་སྐུ་བཅར་སྣེ་ཤན་དྲུང་འཕར་གཅིག་དང་རྒྱུན་བཞུགས་ལས་བྱེད་གཉིས་དང་བདེ་སྲུང་ལས་ཁུངས་ཀྱི་དམིགས་བསལ་སྐུ་ཕྱྭ་བ་གཉིས་བཅས་ནས་སྲུང་སྐྱོབ་བླ་མེད་ཞུས། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་དང་ཁྲིམས་ཞིབ་པ་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྣམ་པ་དང་། འབྲས་ལྗོངས་མངའ་གཞུང་དང་ལ་དྭགས་སོགས་གཞན་ཡང་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དང་སྟག་ལུང་ག་ཟི་ཁྲི་འཛིན་༸ཞབས་དྲུང་རིན་པོ་ཆེ་དང་༸མ་སྤྲུལ་རིན་པོ་ཆེ་དང་༸བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེས་དབུས་པའི་ས་དགེ་བཀའ་རྙིང་རིས་མེད་ཀྱི་བླ་སྤྲུལ་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མི་སྣ་སྔ་རྗེས་སུ་རིམ་བཞིན་འཚམས་ཞུར་ཕེབས།
ཕྱི་ལོ་ ༢༠༠༠ ཟླ་ ༡ ཚེས་ ༢༨ དང་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་རང་གཞུང་ཆོས་རིག་ལྷན་ཁང་གིས་གདན་ཞུས། ༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རིན་པོ་ཆེ་དང་། རྫོགས་ཆེན་དཔོན་སློབ་རིན་པོ་ཆེ། ༸སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ། ༸སྐྱབས་རྗེ་འབྲོང་སྤྲུལ་བསྟན་དགའ་རིན་པོ་ཆེ། ༸སྐྱབས་རྗེ་སྒྲུབ་དཔོན་འབོ་དཀར་རིན་པོ་ཆེ། ཡོངས་དགེ་མི་འགྱུར་རིན་པོ་ཆེ་དབུས་པའི་ཀཾ་ཚང་བླ་སྤྲུལ་དུ་མ་སྐོར་ཞིག་དང་། ཆོས་རིག་བཀའ་བློན་བཀྲ་ཤིས་དབང་འདུས། ཞྭ་ནག་མཛོད་པ། བཀའ་བརྒྱུད་སྤྱི་འཐུས་རྣམ་གཉིས་བཅས་ནོར་བུ་གླིང་ཁར་ལྷན་འཛོམས་ཀྱིས་༸རྒྱལ་དབང་ཀརྨ་པ་མཆོག་གི་སྐུ་ཡོན་གསན་བཞེས་མཛད་ཕྱོགས་དང་གོང་མ་ན་རིམ་གྱི་མཛད་པ་ཇི་བཞིན་སྐྱོང་བཞེས་དང་། བྱེས་ཀྱི་གདན་ས་རུམ་བཏེག་ལ་གང་མྱུར་ཞབས་སོར་འཁོད་ཐབས་དང་རིས་མེད་ཀྱི་དབང་ལུང་མན་ངག་གསན་བཞེས་ཀྱི་སྐོར་༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་བཞིན་བཀའ་བསྡུར་ཞུས། ཚེས་ ༢༨ ཉིན་༸རྒྱལ་དབང་ཀརྨ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་འཕྲད་ཐེངས་ལྔ་པ་དང་དེ་ཉིན་ཀཾ་ཚང་གི་གོང་གསལ་བླ་ཆེན་རྣམས་ཀྱང་མཇལ་བཅར་ཞུས་སྐབས་༸གོང་ས་མཆོག་གི་དགོངས་འཆར་བཞིན་སྤྱི་མོས་ཀྱིས་༸སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་༸རྒྱལ་དབང་ཀརྨ་པ་མཆོག་གི་ཡོངས་འཛིན་དུ་ཐུགས་གཏན་འཁེལ་སྐོར་སྙན་གསོལ་ཞུས།
༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་དང་མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རྣམ་གཉིས་ཀྱི་དྲུང་ལས་གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གྱི་རྒྱབ་རྟེན་སྤྱི་དང་། བྱེ་བྲག་ཐུན་མོང་ཐུན་མིན་གྱི་བཀའ་སྲོལ་མཐའ་དག་དམ་གཙང་སྣོད་ལྡན་གཅིག་ཏུ་བཞེས་ཏེ་སྒྱུབ་བརྒྱུད་ཀྱི་བསྟན་པ་སྐྱོང་བར་མཛད། ༸སྐྱབས་རྗེ་ཡོངས་འཛིན་ཞི་བར་གཤེགས་པ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་དང་། ༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ། ཞི་བར་གཤེགས་པ་༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ། ༸སྐྱབས་རྗེ་ཞི་བར་གཤེགས་པ་འབྲོང་སྤྲུལ་བསྟན་དགའ་རིན་པོ་ཆེ། སྒྲུབ་དཔོན་བདེ་ཆེན་སྐུ་གོང་མ། ཞི་བར་གཤེགས་པ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ། (ཨ་མདོ་དཔལ་ལྡན། མཁན་པོ་ལོ་ཡག བླ་མ་ཉི་མ། མཁན་པོ་བཀྲ་རྒྱལ། མཁན་པོ་ཚུལ་རྣམ། མཁན་པོ་རིན་ཆེན་དོན་གྲུབ། ཤཱཀྱའི་དགེ་བསྙེན་མཛོད་པ་སྐུ་བགྲེས་བསྟན་འཛིན་རྣམ་རྒྱལ།) སོགས་ཀྱི་དྲུང་ནས་ཀྱང་མདོ་སྔགས་གཞུང་ལུགས་དང་སྙན་སུམ་སོགས་གསན།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་ལམ་ཐུན་མོང་བའི་རྒྱུད་སྦྱངས་པ་སྔོན་བཏང་སྟེ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལན་བཞི་དང་། བདེ་གསང་སོགས་སྨིན་གྲོལ་གྱི་གདམས་པ་གསན་བཞེས་ཡང་ཡང་མཛད་པ་དང་། ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༢༤ ཉིན་དྷརྨ་ཤཱ་ལཱ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྟན་རྩ་འདུལ་བའི་རབ་བྱུང་དང་དགེ་ཚུལ་གྱི་དངོས་པོ་ཡོངས་སུ་རྫོགས་པར་སྒྲུབ་པ་བཅས་༸རྒྱལ་མཆོག་ཡབ་སྲས་ཀྱི་ཚུལ་དུ་ཐུགས་ཡིད་གཅིག་ཏུ་འདྲེས། གཞན་ཡང་༸བཀའ་འབྲེལ་དགེ་བཤེས་བྱང་ཆུབ་ལས་ལམ་རིམ་ཆེན་མོ་གཙོས་པའི་བཀའ་གདམས་གསུང་ངག་གི་ཆོས་འབྲེལ། ༸སྙན་བསྐུལ་ཆོས་སྦྱིན་གསོལ་འདེབས་ཞུས་ནས་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང་དབང་དང་བཅས་པ་གསན། དཔལ་༸ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཞེ་གཅིག་པ་སྒྲོལ་མ་ཕོ་བྲང་སྐུ་མདུན་ནས་ཕུར་པ་དང་ཐུབ་པ་དམ་ཚིག་གསུམ་བཀོད་གསན་བཞེས། འབྲུག་པ་དཀར་བརྒྱུད་ཀྱི་༸མདོ་ཁམས་པ་སྐུ་ཕྲེང་དགུ་པ་བཤད་སྒྲུབ་ཆོས་ཀྱི་ཉི་མ་རིན་པོ་ཆེ་ལས་རྗེ་བཙུན་མི་ལའི་མགུར་འབུམ་བཀླགས་ལུང་སོགས་རིས་མེད་སྐྱེས་ཆེན་དུ་མའི་དྲུང་ནས་ཆོས་འབྲེལ་དུ་མ་གསན་བཞེས་སོགས་བོད་ཀྱི་རིས་མེད་གྲུབ་མཐའ་ཀུན་ལ་གཟིགས་པའི་སྤྱན་རྒྱ་ཤིན་ཏུ་ཡངས། ཨིན་ཇི་དང་། རྒྱ་གར། རྒྱ་ནག ཉི་ཧོང་། ཀོ་རི་ཡ། ཝེཏ་ནམ་སོགས་ཀྱི་སྐད་ཡིག་ལ་སྦྱངས་པ་མཛད། ཐང་ག་དང་ཡིག་གཟུགས་སྒྱུ་རྩལ་ལ་ཕུལ་དུ་ཕྱིན། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཞལ་འདོན་མདོ་རྒྱུད་རྣམས་སྐད་ཡིག་མང་པོར་བསྒྱུར་བའི་སློབ་སྟོན་པ་དང་མཐའ་མའི་ཞུ་དག་པ་གཙོ་བོ་མཛད། གང་གིས་ལྗགས་རྩོམ་མཛད་པའི་སྙན་ངག་ལ་བོད་ནང་གི་སྙན་ངག་པ་དུ་མས་དུས་རབས་ཀྱི་སྟོན་པ་ཞེས་བསྔགས་པ་ཕུལ།
ཕྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༡༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱེས་གཉིས་ནས་གསེར་ཁྲི་མངའ་གསོལ་ཞུས་ནས་ངོ་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཉིན་དང་པོར་༸གོང་ས་མཆོག་དབུ་བཞུགས་དང་མགོན་པོ་གང་ཉིད་ཀྱང་དེ་ཉིན་སྐུ་མགྲོན་དུ་བྱོན་པ་དང་རིས་མེད་བླ་ཆེན་རྣམས་དང་མཇལ་འཕྲད་བསྐྱངས། ཚེས་ ༡༩ ཉིན་བོད་གཞུང་ཟློས་གར་དུ་མཛད་སྒོའི་ཉིན་གཉིས་པར༸རྒྱལ་དབང་ཀརྨ་པ་མཆོག་སྐུ་མགྲོན་གཙོ་བོར་བྱོན། ཆོས་བརྒྱུད་ཁག་གི་བླ་ཆེན་དང་གཞུང་གི་མཛད་གཙོ་རྣམ་པ་དང་གཉུག་མར་གནས་པ་བཅས་སེར་སྐྱ་མི་དམངས་སྟོང་ཚོ་དུ་མ་འཛོམས། ༸གོང་ས་མཆོག་ལ་༸མགོན་པོ་གང་ཉིད་ཀྱིས་སྐུ་བསྟོད་ལྗགས་རྩོམ་མཛད་པ་རབ་དགའི་སྨོན་ལམ་སྐལ་བཟང་སྦྲང་རྩིའི་དབྱངས་སྙན་ཞེས་པ་དེ་ཉིན་བོད་གཞུང་ཟློས་གར་ཚོགས་པའི་ཕོ་མོ་རྣམས་ནས་དབྱངས་སུ་གྱེར་འདོན་དང་། བཙན་བྱོལ་དུ་བྱོན་ནས་མི་དམངས་ལ་བཀའ་སློབ་ཐེངས་དང་པོ་སྩལ།
ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༧ ཉིན་བོད་གཞུང་ཟློས་གར་གྱི་ཞོ་སྟོན་དུས་ཆེན་ཐེངས་ལྔ་པ་དབུ་འབྱེད་ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས། ‘‘དེ་རིང་འདིར་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་སྲས་ཀྱི་ཐུ་བོ་ཉི་ཟླ་ལྟར་གྲགས་པ་མཉམ་མེད་དྭགས་པོ་ལྷ་རྗེ་དང་། བླ་མ་རས་ཆུང་རྡོ་རྗེ་གྲགས་པ་ཡིན། མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོའི་གྲས་ནས་༸ཀརྨ་པ་དུས་གསུམ་མཁྱེན་པ་ནས་བརྒྱུད་དེ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་བར་ཕེབས་ཏེ། དེ་རིང་༸ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་འཁྲིས་འདིར་ང་ཚོ་མཉམ་དུ་འཛོམས་རྒྱུ་བྱུང་བ་རེད། དེ་ཡང་མ་བསྒྲིགས་སྟབས་འགྲིགས་ཤིག་རེད་དྲན་སོང་། ཚང་མས་མཁྱེན་གསལ་རེད། ཀརྨ་པ་རིན་པོ་ཆེ་དངོས་གནས་ཆུང་བྱིས་པའི་སྐབས་ནས་སྔོན་གྱི་བག་ཆགས་སད་པ་མི་འདྲ་བ་ཞིག་ཆགས་ཡོད། ཉེན་ཁར་མ་འཛེམས་པར་འདི་ན་ཚུར་ཕེབས་པ་དེའང་མཇུག་ཏུ་བདེ་པོའི་ཐོག་ནས་ཕེབས་འབྱོར་ཟིན་གྲུབ་པ་རེད། ཁ་སྔོན་འགོ་སྟོད་རིན་པོ་ཆེ་ཕར་ནས་བྲོས་བྱོལ་ཕེབས་རྒྱུའི་དགོངས་པ་ཡོད་པ་འདྲ་ཟེར་ངོས་ལ་ལྷང་ལྷང་ཐོས་སོང་། གང་འདྲ་བྱས་ཡོང་བསམ་པའི་བློ་ཚབས་ཆེན་པོ་བྱུང་། རྒྱ་གར་གྱི་ས་ཐོག་ཏུ་ཕེབས་ཟིན་པའི་གནས་སྟངས་ཐོས་སོང་། དངོས་གནས་ཡ་མཚན་སྐྱེ་དགོས་པ་ཞིག་རེད། མཇུག་ཏུ་རིན་པོ་ཆེ་མཇལ་བའི་དང་པོར་བོད་ནས་བྲོས་ཕེབས་དོན་གྱི་དགོངས་གཞི་སྟེ། དོན་དག་སྙིང་པོ་བོད་ཀྱི་སངས་རྒྱས་བསྟན་པ་དང་། བོད་མི་རིགས་ཀྱི་དོན་དུ་སོ་སོས་ཞབས་འདེགས་བསྒྲུབ་ཐུབ་ན་དགོངས་པའི་ཐུགས་རེ་ཡོད། འདུན་པ་ཡོད། བོད་དུ་བཞུགས་ནས་འགྲུབ་རྒྱུ་མི་འདུག འདིར་ཀུན་སློང་དེ་ལྟ་བུ་ཞིག་བསྣམས་ནས་ཕེབས་པ་ཡིན་གསུངས། རྗེས་སུ་ཡི་རང་ཡོད་ཞུས་པ་ཡིན། ཞེ་དྲག་ཡག་པོ་རེད་ཞུ་རྒྱུ་བྱུང་། ཞེས་དང་། དེ་རིང་འདིར་ང་ཚོ་མི་མང་པོ་ཞིག་རུག་རུག་བྱེད་རྒྱུ་བྱུང་བ་རེད། ཁྱེད་རང་ཚོར་ངོས་ནས་འདིར་ངོ་སྤྲོད་ཞུས་ན་བསམ་སྟེ་དྲན་པ་རེད། རིན་པོ་ཆེའི་དགོངས་པ་ཇི་བཞིན་འབད་མེད་ལྷུན་བཞིན་འགྲུབ་པ། གེགས་བར་ཆད་ཀྱི་དབང་དུ་མི་འགྲོ་བ་ཞིག་ཚང་མས་ཐུགས་སྨོན་གནོངས།’’ ཞེས་སོགས་བཀའ་སྩལ། ཚེས་ ༡༦ ཉིན་ཞོ་སྟོན་ཐེངས་ལྔ་པའི་ཉིན་མཐའ་མའི་སྐུ་མགྲོན་གཙོ་བོར་༸རྒྱལ་དབང་༸ཀརྨ་པ་མཆོག་བྱོན།
ཕྱི་ལོ་ ༢༠༠༡ ཟླ་ ༢ ཚེས་ ༣ ཉིན་རང་གཞུང་ཆོས་རིག་བཀའ་བློན་བཀྲ་ཤིས་དབང་འདུས་ཀྱིས་ཕྱི་དྲིལ་ཚོགས་ཁང་དུ་གསར་འགོད་པ་སྐོང་ཚོགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་ནང་སྲིད་བློན་རྣམ་གཉིས་དབར་བཀའ་མོལ་བྱུང་ཡོད་པ་ལྟར་རྒྱལ་དབང་༸ཀརྨ་པ་མཆོག་རྒྱ་གར་དུ་གཏན་བཞུགས་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་པ་དང་སྐྱབས་བཅོལ་ལག་དེབ་(RC)བཟོ་བཞེས་སྐུ་ངལ་འོ་བརྒྱལ་མི་འབྱུང་བ་དང་། གདན་ས་རུམ་བཏེག་ནི་རྒྱལ་དབང་༸ཀརྨ་པ་སྐུ་གོང་མའི་གདན་ས་ཡིན་པ་ལྟར་གང་གི་གདན་སར་ཞབས་སོར་འཁོད་ཐུབ་པ་ཞུ་རྒྱུ་འདི་ནི་བཙན་བྱོལ་བོད་གཞུང་གིས་ཐོག་མཐའ་བར་དུ་འབད་བརྩོན་ཞུ་བའི་མཛད་བྱུས་ཤིག་ཀྱང་ཡིན་ཞེས་གསལ་བསྒྲགས་ཐོག་མར་བསྐྱངས།
༢༠༠༡ ཟླ་ ༢ ཚེས་ ༢༡ ཉིན། ༸རྒྱལ་དབང་མཆོག་དིལླཱི་དང་ཝཱ་རཱ་ཎ་སཱི། རྡོར་གདན་སོགས་སུ་གནས་གཟིགས་ལ་ཐོག་མར་བྱོན། རྒྱ་གར་དབུས་གཞུང་གི་སྐུ་བཅར་སྣེ་ཤན་དང་སྐུ་སྲུང་། རང་གཞུང་དབུས་ཆོས་རིག་ལས་ཁུངས་ཀྱི་སྣེ་ཤན་དྲུང་འཕར་གཅིག་དང་རང་གཞུང་བདེ་སྲུང་ལས་ཁུངས་ཀྱི་དམིགས་བསལ་སྐུ་ཕྱྭ་བ་གཉིས་བཅས་ལྷན་བཅར་ཞུས་ཡོད། གར་ཕེབས་གར་བཞུགས་སུ་རྒྱ་གར་གཞུང་གིས་སྐུ་འཁོར་བཞི་ལ་གོ་སྒྲིག་ཆ་ཚང་མཛད།
ཕྱི་ལོ་ ༢༠༠༡ ཟླ་ ༣ ཚེས་ ༢༤ ཉིན། གནས་ཆེན་མཚོ་པདྨ་དང་འབྲི་གུང་དབོན་སྤྲུལ་དགོན་དང་འབྲུག་པ་བཀའ་བརྒྱུད་འཛི་སྒར་དགོན་དང་ཟངས་མདོག་དཔལ་རི་དང་རྙིང་མ་དགོན་དུ་སྔ་རྗེས་ལན་གཉིས་སུ་བྱོན། ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༢༧ ཉིན་རྒྱུད་སྟོད་གཙུག་ལག་ཁང་གི་འདུ་ཁང་ནང་དུ་ཡོངས་ཁྱབ་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཐེངས་དང་པོ་དེ་བསྐོང་ཚོགས་བསྐྱངས་ཏེ། རྒྱ་གར་ལ་བཙན་བྱོལ་དུ་འོངས་པ་ནི་རང་ཐག་རང་གཅོད་ཀྱི་ཐག་གཅོད་ཅིག་ཡིན་ཞེས་གསལ་བསྒྲགས་ཐོག་མ་དེ་སྩལ།
ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢ ཉིན་མར་ཡུལ་ལ་དྭགས་དགོན་ཚོགས་དང་དབུས་ས་མི་དམངས་ཀྱི་སྤྱི་མགྲིན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྔ་རྗེས་ལན་གསུམ་བྱོན། ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༢༥ ཉིན། ‘‘འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་’’ཞེས་ལེགས་སྤྱད་ཀྱི་སྒོ་འཕར་གསར་དུ་དབུ་བརྙེས་པ་འདི་ཉིད་བརྒྱུད་དེ། དཔེ་དེབ་ཀྱི་ཐོག་མ་ << ཡིད་བཞིན་གྱི་ཟ་མ་ཏོག་ >> ཅེས་བཀའ་བརྒྱུད་པའི་རྗེ་བཙུན་གོང་མ་རྣམས་ཀྱི་གསུང་ཐོར་བུའི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་གཉིས་ཐོག་མར་དཔེ་སྐྲུན་འགྲེམས་སྤེལ་གྱིས་ད་བར་སྔར་རྗེས་ཤུལ་འཛིན་དང་ཕྱི་རྗེས་དར་སྤེལ་ངང་ཡིན།
ཕྱི་ལོ་ ༢༠༠༢ ཟླ་ ༡ ཚེས་ ༡ ནས་ ༥ བར་ཝཱ་རཱ་ཎ་སཱི་བཛྲ་བིདྱཱ་རུ་རྒྱལ་ཡོངས་ཀརྨ་བཀའ་བརྒྱུད་པའི་ཆོས་ཀྱི་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་བསྐྱངས། མངའ་བདག་རྗེ་བཙུན་མར་རྔོག་ཡབ་སྲས་རྣམས་ཀྱི་ཐུགས་དམ་གྱི་བཀའ་སྲོལ་རྒྱུད་སྡེ་རྣམས་ཉམས་ལེན་དུ་སྒྲུབ་པ་ནི་ཤིན་ཏུ་གལ་ཆེ་བ་དང༌དབང་ལུང་ཁྲིད་གསུམ་བརྒྱུད་པ་དང་ལྡན་པའི་བླ་མའི་དྲུང་ནས་ཚུལ་བཞིན་ལེགས་པར་མནོས་ཏེ། བདེ་ཕག་རྒྱལ་གསུམ་སྒྲུབ་མུས་ཐོག་མར་ལུགས་རྒྱུད་སྡེ་བཅུ་གསུམ་ཕ་ནོར་དུ་བརྩིས་ནས་རྒྱ་བལ་འབྲས་འབྲུག་དགོན་པ་ཐམས་ཅད་ལ་ལོ་རྟག་པར་འཚོགས་དགོས་པ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གྱི་ཚུལ་དུ་མཛད། མར་ལུགས་རྒྱུད་སྡེ་བཅུ་གསུམ་གཙོ་གྱུར་བླ་མེད་ཞལ་ཐང་། ཕ་ཆོས་ནག་རྒྱལ་ཕག་གསུམ་གྱི་གཞུང་པོད་དང་སྒྲུབ་ཐབས། ཀཾ་ཚང་རྒྱལ་བ་ཡབ་སྲས་རྣམས་ཀྱིས་མཛད་པའི་སྒྲུབ་ཐབས་ཕྱོགས་བསྒྲིགས་གསེར་བྲིས་སུ་སྤར་ཏེ་དགོན་སྡེ་ཉེར་བཞིར་ནང་རྟེན་གྱི་སླད་དུ་འགྲེམས་སྤེལ། སྒར་བྲིས་མར་མི་དྭགས་གསུམ་གྱི་ཐང་སྐུ་དང་། མར་པའི་ཐང་རྙིང་གཞན་དང་། རྗེ་བཅུ་པའི་ཕྱག་བཟོ་མར་མིའི་སྐུ་བརྙན་དང་། ལ་ཕྱིའི་རྗེ་བཙུན་རྣམ་གསུམ་གྱི་སྐུ་བརྙན་པར་ཤོག ཁམས་པ་སྒར་གྱི་ནང་རྟེན་དུ་བཞུགས་པའི་དྭགས་པོ་ང་འདྲ་མ་སོགས་ལ་དཔེ་བླངས་ཏེ། སྐུ་བརྙན་རྒྱུ་མཚུར་ཕུའི་ལྷ་ཆེན་གྱི་སྐུའི་ཚལ་བུ་དང་རིན་ཆེན་སྣ་ལྔའི་རིགས་སོགས་བསྲེས་བླུགས་ནང་གཞུག་ཏུ་རྗེ་མར་པའི་ཞལ་འགྲམ་རིལ་བུ་དང་རྗེ་མི་ལའི་རས་གཟན་རིལ་བུ་རྗེ་ཟླ་འོད་གཞོན་ནུའི་སྨན་སྒྲོ། དབུ་ཀླད། སྒོམ་ཞུ། ཕྱག་འཁར། ཞབས་ལྷམ་བཅས་ཀྱི་རིལ་བུ་སོགས་གོང་མ་རྣམ་གསུམ་གྱི་སྐུ་བརྙན་མ་དཔེ་སྤུས་ལེགས་དེ་ལྟ་བུ་ཞིག་ཞལ་བཀོད་མཛད་དེ་བཞེངས་པའི་མར་མི་དྭགས་གསུམ་སྐུ་བརྙན་དང་། དཔལ་ལྡན་ཀརྨ་པའི་བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི་བྱུང་བ་དང་བླ་མ་བརྒྱུད་པའི་རིམ་པ་དང་མགོན་པོ་འཁོར་བཅས་ཀྱི་གདངས་དབྱངས་དྲ་མིག་དང་མཛད་པ་པོ་༸རྒྱལ་དབང་དགུ་པ་དབང་ཕྱུག་རྡོ་རྗེའི་རྣམ་ཐར། ནཱ་རོ་ཆོས་དྲུག་གི་རྣམ་བཤད་སོགས་སྔ་རྗེས་སུ་རྒྱ་བལ་འབྲས་འབྲུག་གཞིས་བྱེས་གཉིས་སུ་འགྲེམས་སྤེལ།
ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༢༣ ཉིན་བཀའ་བརྒྱུད་པའི་སངྒྷ་སྨོན་ལམ་ཆེན་མོ་ཐེངས་ ༡༩ པའི་ཚོགས་མགོན་དུ་བྱོན། རྗེ་བཙུན་མི་ལའི་གསུང་མགུར་གྱི་སྒོ་ནས་གསུང་ཆོས། བཀའ་བརྒྱུད་པའི་སངྒྷ་སྨོན་ལམ་ཆེན་མོ་ཐེངས་ ༢༠ པའི་ཚོགས་མགོན་དུ་བྱོན། དྭགས་པོ་ཐར་རྒྱན་གྱི་བཀའ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཚོགས་མགོན་དུ་གདན་འདྲེན་ཞུས། བཀའ་བརྒྱུད་སངྒྷ་སྨོན་ལམ་ཆེན་མོ་ཐེངས་ ༢༡ ཚོགས་མགོན་དུ་བྱོན་ནས་བཀའ་བརྒྱུད་སྨོན་ལམ་ཞེས་པའི་མཚན་བསྒྱུར། ༢༠༠༤ ཟླ་ ༡༢ ཚེས་ ༡༩ ལོའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༢༢ ནས་ཐུགས་འགན་ཡོངས་རྫོགས་བདག་གིར་བཞེས་ནས་འཕྲིན་ལས་ཀྱི་ཤིང་རྟ་ལྟ་བུར་གྱུར། དེ་ལོ་ནས་བཟུང་སྟེ་མདོ་ལུགས་ཀྱི་ཕྱག་བཞེས་དགེ་སློང་རྣམས་ཁྲིམས་ལྡན་ངང་པའི་འགྲོས་ཀྱིས་བསོད་སྙོམས་ལ་རྒྱུ་བ་དང་ཆ་ལུགས་སྤྱོད་ལམ་ཐམས་ཅད་དམ་ཆོས་འདུལ་བའི་ཕྱག་སྲོལ་དང་མཐུན་པ་དགོས་པའི་བཅའ་ཡིག་ཀྱང་མཛད། འདུས་ཚོགས་སུ་དམར་སྤོང་དཀར་ཟས་བསྟེན་དགོས་པའི་བཀའ་སྩལ་དང་མགོན་པོ་གང་ཉིད་ཀྱང་དེ་ལོ་ནས་བཟུང་ད་བར་དཀར་སྐྱོང་ཁོ་ནར་མཛད། མཛད་སྒོ་དེ་བརྒྱུད་ནས་ལོ་རེ་བཞིན་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་བཀའ་བརྒྱུད་པའི་བསྟན་པར་སྨིན་པའི་མཛད་འཕྲིན་གྲངས་མེད་པ་ཞིག་བསྐྱངས་པ་ལས། བཀའ་བརྒྱུད་སྨོན་ལམ་ཐེངས་ ༢༣ པའི་ཐོག་ཏུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་མར་མི་དྭགས་པོའི་སྐུ་བརྙན་སོགས་རྒྱན་གཏོར་ངོ་མཚར་བ་སླར་བཞེངས་པའི་སྲོལ་ཕྱེས། རྒྱ་བལ་འབྲས་འབྲུག་གཞིས་བྱེས་ཀྱི་ཀཾ་ཚང་དགོན་སྡེ་ཡོད་དོ་ཅོག་དང་དད་འདུས་སྟོང་ཚོ་དུ་མ་ལ་གསུང་ནན་ཆེན་པོས་དམར་སྤོང་དཀར་ཟས་ལ་སྤྱོད་པའི་ལམ་དུ་བསྒྱུར་བར་མཛད། དངོས་གཞི་སྨོན་ལམ་སྐབས་ཀྱི་རུང་ཁང་དང་དགོན་པ་ཁག་གི་རུང་ཁང་ནང་དམར་དྲི་ཙམ་ཡང་བསྟེན་མི་ཆོག་པའི་བཅས་པ་ནན་པོ་མཛད།
ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༡༠ ཉིན་རྒྱུད་སྟོད་གཙུག་ལག་ཁང་དུ་༸སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེའི་ཡང་སྲིད་མངའ་གསོལ་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ཀརྨ་བདེ་ཆེན་ཚེ་དབང་གཟི་བརྗིད་རྒྱལ་པོ་ཞེས་གསོལ། ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༧ ནས་ཟླ་ ༣ ཚེས་ ༢༩ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དང་། ཧོན་སུར་རབ་རྒྱས་གླིང་། དོན་ལྡན་གླིང་། བདེ་སྐྱིད་སླར་གསོ། ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་དང་། རིས་མེད་ས་དགེ་བཀའ་རྙིང་ཆོས་སྡེ་ཡོད་དོ་ཅོག་ཏུ་གཟིགས་སྐོར་ཐེངས་དང་པོ་བསྐྱངས། ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༢༤ ཉིན། རྒྱལ་དབང་༸ཀརྨ་པ་མཆོག་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་འདུས་སྤྱི་ནས་ཇི་ལྟར་གདན་ཞུ་ཕུལ་བ་བཞིན་སྔ་འགྱུར་བསྟན་པའི་བདག་པོ་༸སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་དགོངས་རྫོགས་སྐུ་ཚིགས་གསུམ་པའི་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་བདུན་གཅིག་རིང་རྒྱལ་བ་རྒྱ་མཚོའི་ཆོ་ག་དང་མཇུག་ཏུ་དད་འདུས་སེར་སྐྱ་སྟོང་ཚོ་དུ་མར་བཀའ་དབང་སྩལ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། རྒྱ་གར་གཞུང་གི་མཐུན་འགྱུར་གཟིགས་སྐྱོང་ལས་ཕྱི་ལོ་ ༢༠༠༨ ལོར་བྱང་ཨ་རིའི་གདན་ས་ཀརྨ་ཐེག་གསུམ་ཆོས་གླིང་དུ་ཐེངས་དང་པོའི་ཆིབས་བསྒྱུར་གྱིས་གཙོས་པའི་སྔ་རྗེས་ཨ་རིར་ལན་ཁ་ཤས་དང་། དེ་རྗེས་འཇར་མ་ནི། ཕ་རན་སི། སུད་སི། ཨིན་ཡུལ། ཁེ་ན་ཌ་བཅས་སུ་ཆིབས་བསྒྱུར་བསྐྱངས་ཏེ་སྐུ་གོང་མའི་ཆོས་ཚོགས་དང་སྐུ་ཕྲེང་གོང་འོག་གི་ཞལ་སློབ་དང་རང་རིགས་གཙོ་བོར་གྱུར་པའི་དད་ལྡན་ཁྲི་ཚོ་དུ་མའི་ཡིད་རེ་ཚུལ་བཞིན་སྐོང་བར་མཛད།
ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༡ ནས་ ༢༥ བར་༸རྒྱལ་དབང་མཆོག་གིས་ཝཱ་རཱ་ཎ་སཱི་བཛྲ་བིདྱཱ་གཙུག་ལག་ཁང་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་ཐེངས་དང་པོ་གསར་འཛུགས་བསྐྱངས་ཏེ་ད་བར་ཚོགས་འདུ་ཐེངས་དགུ་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་བྱེད་ཐབས་ ༡༠༨ ཅེས་པ་གཏན་འབེབས་མཛད། ད་ལྟའི་བར་ཀཾ་ཚང་གི་དགོན་སྡེ་མང་པོས་ལོ་ལྟར་རྒྱ་བལ་འབྲས་འབྲུག་དང་། འཛམ་གླིང་གི་ཡུལ་གྲུ་གང་སའི་ཞལ་སློབ་ཆོས་ཚོགས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་འདྲ་མིན་དང་དམིགས་བསལ་བོད་ནང་དུ་མགོན་པོ་གང་ཉིད་ཀྱི་སྐུ་ཡི་འཁྲུངས་སྐར་ནམ་ཡིན་ལ་ཚེ་ཐར་སྲོག་བླུ་དང་དམར་སྤོང་དང་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་ཡོད། ཟླ་ ༡༢ ཚེས་ ༣༠ ཉིན་ག་ཡཱ་གནམ་ཐང་དུ་ཤིང་སྣ་འདེབས་འཛུགས། ༢༠༠༩ ཟླ་ ༡༠ ཚེས་ ༢༦ ཉིན་ནོར་གླིང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་དེ། ༸རྒྱལ་དབང་ཀརྨ་པ་མཆོག་གིས་༸གོང་ས་མཆོག་གི་མཛད་རྣམ་<<རྒྱ་ཆེན་སྙིང་རྗེའི་རོལ་མཚོ་>>གླེགས་བམ་པོད་དྲུག་དབུ་འབྱེད་དང་། དེ་ཉིན་དགའ་ལྡན་ཁྲི་ཐོག་ ༡༠༢ ཁྲི་གསོལ་ལ་འཚམས་འདྲི་བསྐྱངས།
ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༤ དང་ ༧ ཉིན་འཛམ་གླིང་ཆེད་ལས་མཁས་པ་དང་གནད་ཡོད་མི་སྣའི་གཏམ་བཤད་ཀྱི་སྡིངས་ཆ་གྲགས་ཆེ་ TED ཞེས་པ་རྒྱ་གར་ལྷོ་ཕྱོགས་མའེ་སོར་གྱི་ Infosys རུ་འཚོགས་པའི་ཚོགས་དབུར་བོད་ཀྱི་བླ་སྤྲུལ་རྣམས་ལས་སྔ་ཤོས་དང་དགུང་ན་ཆུང་ཤོས་ཤིག་གིས་གཏམ་བཤད་མཛད་པ་ཐོག་མ་ལྟ་བུར་གྱུར། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢ ཉིན་འཕགས་ཡུལ་ཡུལ་དབུས་ཀྱི་རི་བོ་བྱ་རྐང་གི་གནས་སྒོ་དབུ་འབྱེད་དང་རབ་གནས། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡ ཉིན། ༸རྒྱལ་དབང་མཆོག་གིས་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་རྣམ་ཐར་གྱི་འཁྲབ་གཞུང་མཛད་དེ། བོད་གཞུང་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་ཕོ་མོ་རྣམས་ལ་ལམ་སྟོན་ཡུན་རིང་གིས་སྦྱོང་བརྡར་གང་ལེགས་མཛད། འཁྲབ་སྟོན་མཛད་ཡུལ་གྱི་སྡིངས་ཆ་རྡོར་གདན་ཉེ་འདབས་བཀའ་བརྒྱུད་སྨོན་ལམ་ཚོགས་ཡུལ་དང་མི་ལའི་འཁྲབ་སྟོན་ཕྱིར་གསར་སྐྲུན་དང་རང་བཞིན་གྱིས་རྒྱ་ཁྱོན་ཆེར་གྱུར་པ་ནི་འབྱུང་འགྱུར་སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་རྟེན་འབྲེལ་ཡོད་ཚུལ་གསུངས། ༸རྒྱལ་དབང་མཆོག་དང་༸སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ། མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་ཡབ་སྲས་རྣམ་པས་དབུས་པའི་བླ་སྤྲུལ་དང་བཤད་གྲྭ་ཁག་གི་མཁན་པོ་དགེ་ཚུལ་སློང༌། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཀྱི་དབུ་འཁྲིད་ལ་དྭགས་དཔལ་མཛེས་དབང་མོ། བི་ཧཱར་ས་གནས་ཀྱི་དཔོན་རིགས་དང་མང་ཚོགས་ཁྲི་ཚོ་གཉིས་བརྒལ་བ་རྣམ་ཐར་འཁྲབ་སྟོན་མཇལ་ཕྱིར་འདུས། དྲྭ་ཐོག་ནས་ཀྱང་དུས་གཅིག་ཏུ་རྒྱང་སྲིང་ཞུས། འཁྲབ་སྟོན་གང་ལེགས་བྱུང་། དེ་རྗེས་༸རྒྱལ་དབང་མཆོག་གིས་འཁྲབ་གཞུང་མཛད་པ་གྲུབ་ཆེན་༸ཀརྨ་པཀྵི་དང་མཁས་གྲུབ་ཨུ་རྒྱན་པ་མཇལ་འཕྲད་ཀྱི་ཟློས་གར།
ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན། ༸རྒྱལ་དབང་༸ཀརྨ་པ་མཆོག་གིས། ‘‘བོད་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་གྱི་རྐྱེན་པས་མི་ཤི་རྐྱེན་ཆག་ཚབས་ཆེན་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་དོན་ལ་ཡིད་སྐྱོ་བ་ཚད་མེད་པ་བྱུང༌། འདི་ནས་ངོས་གཙོ་བོར་གྱུར་པའི་རྒྱ་བལ་འབྲུག་སོགས་སུ་ཡོད་པའི་བཀའ་བརྒྱུད་པའི་དགོན་སྡེ་རྣམས་ཀྱིས་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་སྐྱེ་འཆི་བར་དོའི་འཇིགས་སྐྲག་ཞི་བའི་བསྔོ་སྨོན་དང་ཚོགས་གསོག་བྱེད་མུས་ཡིན་ལ། ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་ལའང་སྐྱབས་བསྔོ་འབུལ་བཞིན་ཡོད། ཤུལ་དུ་ལུས་པ་རྣམས་ཀྱང་རྨས་རྐྱེན་གེགས་གསུམ་ལས་མྱུར་དུ་ཐར་ཞིང་འཁོར་བའི་རང་བཞིན་མཐོང་བའི་སྒོ་ནས་སེམས་རྒྱ་བསྐྱེད་དེ་ཤི་གསོན་གཉིས་ཀར་སྨན་པའི་དོན་ལྡན་གྱི་བྱ་བར་འབད་འབུངས་ཀྱིས། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ་ཡུན་རིང་དུ་མི་མྱོང་བའི་སྨོན་འདུན་ཤུགས་དྲག་བཅས།’’ ཅེས་སོགས་ཐུགས་གསོའི་གསུང་འཕྲིན་བཀའ་ཡིག་དང་བཀའ་རྩོམ་བཀའ་སློབ་སྔ་རྗེས་དུ་མ་དང་ཨ་རིའི་ཀརྨ་པའི་ཐེབས་རྩ་ཚོགས་པ་ནས་མྱུར་སྐྱོབ་ཀྱི་མཐུན་རྐྱེན་དུ་དམིགས་ཏེ་ཨ་སྒོར་ཉིས་འབུམ་ཞལ་འདེབས་སྩལ།
ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ཉིན་རྡོར་གདན་དུ་ཆོས་རྗེ་༸ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༩༠༠ འཁོར་བར་རྗེས་དྲན་གྱི་མཛད་སྒོ་ལོ་ངོ་གཅིག་རིང་འཛམ་གླིང་རྒྱལ་ཁབ་དུ་མར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་གནས་མཆོག་རྡོ་རྗེ་གདན་དུ་དངོས་སུ་དབུ་ཚུགས། སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་གདན་དྲངས། ‘’དགུ་བརྒྱའི་དུས་དྲན་དང་འབྲེལ་བའི་དེབ་གཉིས་དབུ་འབྱེད། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ཡ་གྱལ། འགྲོ་མགོན་དྭགས་པོའི་བཀའ་བརྒྱུད་ཀྱི་ནང་ཚན་ཀརྨའི་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་མོ་དཔལ་༸ལྡན་དུས་གསུམ་མཁྱེན་པ་ཕྱི་ལོ་ ༡༡༡༠ ལོར་སྐུ་བལྟམས་ནས་ལོ་ངོ་དགུ་བརྒྱ་ཧྲིལ་པོར་འཁོར་ཞིང་། ཀཾ་ཚང་བཀའ་བརྒྱུད་ཀྱི་དགོན་སྡེ་དང་ཆོས་ཚོགས། བུ་སློབ་ཆོས་མཆེད་རྣམས་ཚོམ་བུ་གཅིག་ཏུ་འདུས་ཏེ་ལོ་འཁོར་གཅིག་རིང་དགུ་བརྒྱའི་དུས་དྲན་གྱི་མཛད་སྟོན་གཟབ་རྒྱས་གཉེར། འདི་ནི་ཀཾ་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་བྱུང་རབས་ཁྲོད་ལམ་ཚད་ཀྱི་རྡོ་རིང་ཆུང་ངུ་ཞིག་ཡིན་པ་མ་ཟད། དགུ་བརྒྱའི་དུས་དྲན་འདི་ནི་ལོ་ཟླ་མཛུབ་རྩེར་འདྲེན་རྒྱུ་ཙམ་མིན་པར་༸ཀརྨ་པའི་མཛད་འཕྲིན་གྱི་དོན་སྙིང་དང་དེས་བོད་མི་རིགས་ཀྱི་རིག་གནས་ལ་ཤུལ་བཞག་ཅི་ཡོད་དང་། འདས་པའི་ལོ་ངོ་དགུ་བརྒྱའི་རིང་༸རྗེ་ཀརྨ་པ་ནི་སྨག་རུམ་གྱི་སྒྲོན་མེ་དང་མཚན་གུང་གི་ཟླ་བ་ལྟར་སྐུ་ཡི་སྐྱེ་བ་བརྒྱུད་མར་བཞེས་ཏེ་སྐྱོ་ངལ་མེད་པར་གདུལ་བྱ་རྣམས་སྨིན་གྲོལ་དུ་བཀོད་པར་མཛད་ཅིང་། ཁྱད་པར་རྒྱལ་དབང་༸ཀརྨ་པས་སྲོལ་གཏོད་པར་གྲགས་པའི་སྐྱེ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་འདི་ནི་གངས་ཅན་དུ་དར་བའི་ཐུབ་བསྟན་རིས་མེད་པའི་སྲོག་ཟུངས་སུ་གྱུར་པ་མ་ཟད། ཁྱད་པར་ན་རིམ་ཕལ་མོ་ཆེས་སྐུ་མ་འདས་གོང་ཕྱི་མ་སྐུ་གར་འཁྲུངས་ཀྱི་བརྟག་ཡིག་དང་། འདས་རྗེས་ཀྱི་རྣམ་ཐར་བར་དོ་མ། ཡེ་ཤེས་གཟིགས་དཔྱད་ལ་བརྟེན་ཏེ་གང་ཟག་གཞན་གྱི་སྐུ་སྐྱེ་དང་སྤྲུལ་སྐུ་ངོས་འཛིན་མཛད་པ་སོགས་ཐུན་མིན་གྱི་མཛད་ཆོས་བཟང་པོ་དེས་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་སྐྱེ་བ་བཞེས་པའི་སྤྱོད་ཚུལ་དང་འཇིག་རྟེན་པ་རྣམས་ལ་བློ་གྲོས་ཀྱི་སྒོ་འཕར་གསར་དུ་ཕྱེ་བར་མཛད། ཚེས་ ༨ ཉིན། རྡོར་གདན་མཆོད་རྟེན་ཉེ་འདབས་སུ་ས་གནས་ཡུལ་མི་རྣམས་ཀྱི་སླད་དུ་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་ཕྱིར་ཆུ་དྭངས་སྙིགས་འབྱེད་པའི་ཆུ་མཛོད་ཀྱི་ཡོ་བྱད་རྒྱ་ཆེ་ཞིག་གསར་འཛུགས།
ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༢ ཉིན། རྡོར་གདན་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་༸རྒྱལ་དབང་མཆོག་དབུ་བཞུགས་མཛད་དེ། ༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་<<གཞུང་ལུགས་ཀྱི་རོལ་མཚོ་>>དང་། ༸སྐྱབས་རྗེ་འབྲོང་སྤྲུལ་བསྟན་དགའ་རིན་པོ་ཆེའི་<<མཐོང་རྒྱུན་གྱི་བང་མཛོད་>>དང་། མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེའི་<<བདེ་ཆེན་གྱི་གར་མཁན་>>རྣམ་གསུམ་གྱི་རྣམ་ཐར་དབུ་འབྱེད་དང་། རིན་པོ་ཆེ་རྣམ་གསུམ་ནི་ཀཾ་ཚང་བཀའ་བརྒྱུད་ནང་བསླབ་པ་དང་དགུང་ན་བགྲེས་པ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཆེ་ཞིང་བསྟན་པ་དང་འགྲོ་བར་མཛད་རྗེས་ཆེ་བས་བཀའ་དྲིན་རྗེས་སུ་དྲན་པ་དང་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཕྱིར་བརྟན་བཞུགས་དང་གཟེངས་བསྟོད་ཀྱི་བཀའ་ཤོག་སྩལ།
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༠ ཉིན་རྡོ་རྗེ་གདན་གྱི་གནས་མཆོག་ཁྱད་པར་ཅན་དེ་ཉིད་དུ་རྡོ་རྗེའི་གར་འཆམ་ཐེངས་དང་པོ་མཛད། ཚེས་ ༢༡ ཉིན་༸ཀརྨ་པ་རོལ་པའི་རྡོ་རྗེའི་མཛད་པ་དང་མཚུངས་པར་སྟོན་པའི་གོས་སྐུ་ཆེན་མོ་གཉིས་པ་སླར་གསར་བཞེངས་བཤམས་སྟོན་དང་རབ་གནས། ཚེས་ ༢༤ ཉིན་༸རྒྱལ་དབང་༸ཀརྨ་པ་སྐུ་གོང་མའི་ཞབས་འབྲིང་བགྲེས་གྲས་སྐྱ་སེར་བཅུ་བདུན་ལ་གཟིགས་གཟོས་བདག་རྐྱེན་སླད་དཔལ་༸ལྡན་ཀརྨ་པ་སྐུ་ཕྲེང་དང་པོ་རྗེ་དུས་གསུམ་མཁྱེན་པའི་སྐུ་བརྙན་ངོ་མཚར་བྱིན་ཅན་རེ་དད་རྟེན་དུ་སྩལ།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༨ ཉིན། ༸རྒྱལ་དབང་མཆོག་གིས་རྡོར་གདན་བཀའ་བརྒྱུད་སྨོན་ལམ་གར་སྟེགས་སུ། ༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་དངོས་སུ་ཞབས་སོར་འཁོད་མ་ཐུབ་པར་བརྟེན་མགོན་པོ་མཆོག་གི་སྐུ་ཚབ་དང་། ༸མཚུར་ཕུ་དྲུང་པ་གཽ་ཤྲི་རིན་པོ་ཆེ་རྣམ་གཉིས་གདན་ཞུས། ༸རྒྱལ་དབང་ཀརྨ་པ་མཆོག་གིས་སྤྱི་ཁྱབ་རྩོམ་སྒྲིག་དང་སློབ་སྟོན་མཛད་དེ། ༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་<<བྱམས་ཆེན་གྱི་སྒྱུ་འཕྲུལ་>>དང་། མཚུར་ཕུ་༸རྒྱལ་ཚབ་དྲུང་པ་གཽ་ཤྲི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་<<གསང་བདག་གི་རོལ་གར་>>དབུ་འབྱེད་དང་། མདོ་ལུགས་ཀྱི་བརྟན་བཞུགས། སྐུ་ཚེ་མི་འགྱུར་བ་མི་ཤིགས་པ་མི་ནུབ་པ་མི་ཆད་པ་ཆུ་བོའི་རྒྱུན་ལྟར་འབྱུང་ཕྱིར་ཚེ་དབང་སྩལ། ཡབ་སྲས་རྣམ་གཉིས་ཀྱི་གཟེངས་བསྟོད་ཀྱི་བྱང་བུ་སྒྲོགས་པར་མཛད་དེ་བྱང་བུ་དང་མཇལ་དར་སྩལ།
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༣ ཉིན། ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་སླར་འཕགས་ཡུལ་དུ་རྒྱུན་འཛིན་བསྐྱངས། ༸ཀརྨ་པ་རོལ་པའི་རྡོ་རྗེས་ཧོར་ཡུལ་དུ་འགྲོ་དོན་བསྐྱངས། བྱོན་ལམ་དུ་གདུལ་བྱ་སྟོང་ཚོ་དུ་མས་དད་པ་དག་སྣང་གིས་ལུས་ངག་ཡིད་གསུམ་དད་རྟེན་དུ་ཕུལ་བར་བརྟེན་འཁོར་ཚོགས་དུ་མ་འཕེལ་བ་ཕྱོགས་གཅིག་ཏུ་འདུས་པས་སྒར་གྱི་རྣམ་པར་གྱུར་ཏེ་ལྟོ་གོས་ཆོས་གསུམ་གྱིས་བསྐྱངས། སྒར་ཚོ་དུ་མར་གྱུར་པས་སྒར་ཆེན་ཞེས་ཐ་སྙད་ཐོགས། རྗེ་ཀརྨ་འཕྲིན་ལས་པས། སྒར་ཆེན་གྱི་སྡེ་ཚུགས་འཛིན་པ་དེ་ཡང་དེ་ནས་བྱུང་། ཞེས་གསུང་ལྟར་༸ཀརྨ་པ་རིམ་བྱོན་དང་ལྷག་པར་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་སྒར་ཆེན་འདི་ཉིད་རིམ་གྱིས་དར་རྒྱས་སུ་གྱུར་ཅིང་དགེ་འདུན་པ་ཁྲི་ཚོ་ལ་ཉེ་བར་གྱུར་ཏེ་མདོ་སྔགས་རིག་གནས་སྤྱི་དང་ལྷག་པར་ཀརྨའི་སྒར་བྲིས་རི་མོའི་ལམ་སྲོལ་དང་ཡིག་གཟུགས་སོགས་ཁྱད་པར་བ་བྱུང་བས་ཀུན་གྱིས་སྨོན་པའི་གནས་སུ་གྱུར་པས་སྒར་ཆེན་འཛམ་གླིང་རྒྱན་གཅིག་ཅེས་པའི་མཚན་ཐོགས། སྒར་པའི་ཁོངས་སུ་གྲྭ་བཙུན་སྐྱ་སེར་ཕོ་མོ་དང་། གཞན་གྱིས་དད་རྟེན་དུ་ཕུལ་བའི་འབྲི་གཡག་ར་ལུག་ལ་སོགས་པའི་གནག་ཕྱུགས་ཀྱང་མཐའ་ཡས་པ་ཡོད་པ་ཀུན་ཀྱང་རྗེས་སུ་འཛིན་པར་མཛད་དེ་སྒར་ནང་དུ་དམར་དྲི་ཙམ་ཡང་བསྟེན་མི་ཆོག། ༸རྒྱལ་མཆོག་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་གིས་ཐོག་མར་སྒར་ཆེན་གྱི་ལམ་སྲོལ་བསྐྱར་གསོ་མཛད་བཞེད་མེད་ཀྱང་། བཀའ་བརྒྱུད་སྨོན་ལམ་དུ་ཚོགས་ཞུགས་པའི་དགེ་འདུན་ལོ་རེ་བཞིན་ཇེ་མང་དང་དུས་ཐོག་ཏུ་ཚུགས་མ་ཐུབ་པ་ཅུང་ཟད་འགོར་འགྱངས་བྱུང་བ་སོགས་དགེ་འདུན་སྤྱིའི་བཞུགས་གནས་སྒར་མ་ཕུབ་ཀ་མེད་དུ་གྱུར་པར་བརྟེན་དབུ་གུར་ཉིས་བརྒྱ་ཙམ་ཕུབ་ནས་སྒར་ཆེན་གྱི་རྣམ་པར་དོད། སྔར་སྲོལ་བཞིན་སྒར་ཆེན་འཛམ་གླིང་རྒྱན་ཞེས་ལེགས་སྦྱར་སྐད་དུ་ཛམྦུ་དཱིཔ་ཨ་ལངྐཱར་མཧཱ་པཎྜལ་ཞེས་མཚན་གསོལ། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༩ ཉིན་༸སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་གསུམ་པའི་རྗེས་དྲན་དང་སྐུ་ཕྲེང་བཞི་པ་གསེར་ཁྲིར་མངའ་གསོལ་གྱི་དགའ་སྟོན་ཟུང་འབྲེལ་དང་མཛད་རྣམ་<< སྣང་མཛད་ཉི་མའི་དཀྱིལ་འཁོར་>> དབུ་འབྱེད།
ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༤ ཉིན། ༸རྒྱལ་དབང་ཀརྨ་པ་མཆོག་ལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གཞུང་འབྲེལ་བརྟན་བཞུགས་འདེགས་འབུལ། ཟླ་ ༣ ཚེས་ ༡༢ ཉིན་དིལླཱིར་༸སྐྱབས་རྗེ་གླིང་རིན་པོ་ཆེའི་སྙུང་གཞིའི་འཚམས་གཟིགས་ཕྱིར་ཐེངས་གཉིས་བྱོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡ ཉིན། ཝཱ་རཱ་ཎ་སཱི་བཛྲ་བིདྱཱའི་གཙུག་ལག་ཁང་དུ་མཚུར་ལུགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐྱངས།
ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༠ ཉིན། ༸སྐྱབས་རྗེ་སྒྲུབ་དཔོན་ཀ་ལུ་རིན་པོ་ཆེ་ཞི་བར་གཤེགས་ནས་བགྲང་བྱ་ཉེར་ལྔ་དང་། ༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ཏེ་བགྲང་བྱ་བཅུ་འཁོར་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་སྐུ་པར་འགྲེམས་སྟོན་དང་རྣམ་ཐར་ཁ་སྐོང་དང་འབྲེལ་ཡོད་སྐུ་པར་གཅེས་བཏུས་ཀྱི་རྣམ་ཐར་གཉིས་དབུ་འབྱེད་བཅས་གོང་གསལ་ཡབ་སྲས་གསུམ་དང་ཡོངས་འཛིན་བླ་མ་རྣམ་པའི་རྣམ་ཐར་དག་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་ཐུགས་འགན་མགོན་པོ་གང་ཉིད་ནས་བཞེས་ཤིང་རྣམ་ཐར་བརྙན་དེབ་རྣམས་ཨིན་ཡིག་དང་རྒྱ་ཡིག་སོགས་སྐད་ཡིག་གཞན་ལ་ཡང་བསྒྱུར་ནས་འགྲེམས་སྤེལ་མཛད། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༠ ཉིན་དཔལ་༸ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཞེ་གཅིག་པ་སྒྲོལ་མ་ཕོ་བྲང་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆོས་རར་གདན་དྲངས་ནས་བཀའ་བརྒྱུད་སྨོན་ལམ་འདུས་ཚོགས་སྟོང་ཚོ་བདུན་ལྷག་ལ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་རྗེས་གནང་སྩལ་ཏེ་བསྟན་དགོངས་དམ་ཚིག་གི་འོ་མཚོར་གཅིག་ཏུ་རོལ།
ཕྱི་ལོ་ ༢༠༡༣ ལོར་དམ་ཆོས་བང་མཛོད་ཅེས་པ་ཟུར་འཛུགས་ཀྱིས་དུས་རབས་བཅུ་བདུན་པའི་སྟོད་ཆའི་སྤར་མ་འཇང་བཀའ་འགྱུར་(ཕྱིས་ལི་ཐང་བཀའ་འགྱུར་ཡང་འབོད་)རིན་པོ་ཆེ་འཕྲུལ་འཇུག་དཔེ་བསྡུར་གྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་དགུན་ཆོས་ཐེངས་བཅོ་བརྒྱད་པའི་སྐབས་སུ་དངོས་སུ་རིན་མེད་མཉེན་ཆས་ཀྱི་ལམ་ནས་ཕབ་ལེན་དང་གཟིགས་ཐུབ་པའི་ལོ་རྒྱུས་རང་བཞིན་གྱི་བཀའ་འགྱུར་ཆེས་ཐོག་མར་གྱུར། དམ་ཆོས་བང་མཛོད་དྲྭ་ཚིགས་ཨ་དརྴའམ་ཀུན་གསལ་མེ་ལོང་ https://adarshah.org/bo/about-dharma-treasure-corp/ ཞེས་པ་དཔེ་ཀློག་དང་འཚོལ་བཤེར་མ་ལག་ལྡན་པའི་གྲངས་རྩིས་མཉེན་ཆས་དབུ་འབྱེད། དེའི་ནང་འཇང་བཀའ་འགྱུར། སྡེ་དགེ་བཀའ་འགྱུར། ཞོལ་བཀའ་འགྱུར། སྡེ་དགེ་བསྟན་འགྱུར། ཆན་ལོང་བཀའ་འགྱུར། ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་སོགས་ཀྱི་གསུང་འབུམ་བཞུགས་ཡོད།
བྱེས་སུ་ཀརྨ་བཀའ་བརྒྱུད་ཀྱི་དགུན་ཆོས་ཐེངས་དང་པོ་སྙི་ཤང་ཆོས་རྗེ་བླ་མ་ཕུན་ཚོགས་ཀྱིས་ ཕྱི་ལོ་ ༡༩༩༧ ལོར་གསར་འཛུགས་དང་ཐེངས་གཉིས་ཀྱི་འགྲོ་སོང་ཐབས་འཚོལ་དང་ཐེངས་གསུམ་པ་ནས་འགྲོ་སོང་ཀཾ་ཚང་བཤད་གྲྭ་རེས་མོས་ཀྱིས་ཐེངས་བཅུ་གཉིས་པའི་བར་འགན་འཛིན་གྱི་ལས་ཁུར་ཞུས། ༸རྒྱལ་དབང་མཆོག་ལ་དགུན་ཆོས་འདི་ཉིད་མུ་མཐུད་དེ་རྒྱུན་གནས་དང་ཡར་རྒྱས་འབྱུང་ཆེད་བརྩེ་གཟིགས་མཛད་བཞེས་ཀྱི་ཞུ་ནན་ཕུལ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༡ ཉིན་༸རྒྱལ་དབང་མཆོག་གིས་དགུན་ཆོས་ཀྱི་ཐུགས་འགན་ཡོངས་རྫོགས་བདག་གིར་བཞེས་ཏེ་སྔོན་འགྲོའི་ཚོད་བལྟའི་སློབ་དེབ་ཀྱང་རིམ་པ་བཞིན་གསར་བསྒྲིགས། བཤད་གྲྭ་བ་ཐམས་ཅད་ཀྱིས་རིགས་ལམ་གྱི་ཕྱི་མོ་བསྡུས་རྟགས་བློ་གསུམ་གྱི་གཞུང་ལ་ཐུགས་འདུན་ཆིག་དྲིལ་གྱིས་བགྲོ་གླེང་ངེས་འདྲོངས་འབྱུང་བ། རིས་མེད་ཀྱི་མཁས་པ་གཟུ་བོར་གནས་པ་རྣམས་ཀྱིས་དཔང་པོ་བྱས་ཏེ་རྒྱལ་ཕམ་གྱི་ཤན་འབྱེད་པ། དམ་བཅའི་སྐབས་སུའང་ངོ་དགའ་དང་ཟོལ་འཇོག་ཏུ་མ་སོང་བར་རྐང་ལག་རྡེབ་ལུགས། ཐལ་སྐད་གཏོང་ལུགས། འཁོར་གསུམ་བསྐོར་ལུགས་སོགས་སྔོན་གྱི་གྲྭ་ས་ཆེན་པོ་རྣམས་ཀྱི་མིག་ལྟོས་བཞིན་རིགས་ལུང་ཚ་ཤ་རེ་སྤྲོ་སེང་ངེ་བ་འབྱུང་བ་དང་། ཡིག་ཆ་ཡང་རང་རང་གི་སྣང་བ་གང་ཤར་ལྟ་བུར་མ་སོང་བར་གཅིག་གྱུར་གྱི་རྣམ་གཞག་བྱ་ཐུབ་པའི་ཆེད་དུ་ཡིན་ཞེས་བཅའ་ཡིག་ཀྱང་མཛད། རྙིང་མ་རྣམ་གྲོལ་གླིང་། ས་སྐྱ་རྫོང་སར་བཤད་གྲྭ། དགེ་ལྡན་གདན་ས་གསུམ། འབྲི་གུང་མཐོ་སློབ། འབྲུག་པ་ཁམས་སྒར་བཤད་གྲྭ་ཁག་ལྔ་སྟེ་རིས་མེད་མཁན་པོ་རྣམས་ཆེད་དུ་རྩོད་རིགས་རྒྱལ་ཕམ་ཤན་འབྱེད་ཕྱིར་སྔ་རྗེས་སོ་སོར་གདན་ཞུ་བགྱིས་པ་བཙན་བྱོལ་ནང་དུ་ལོ་རྒྱུས་རང་བཞིན་གྱི་ཆེས་ཐོག་མའི་ཀུན་གྱི་མིག་དཔེར་གྱུར། བཤད་གྲྭ་བའི་དགུན་ཆོས་དང་བཙུན་མའི་དཔྱིད་ཆོས་ཀྱི་འགྲོ་སོང་ད་བར་མཚུར་ཕུ་བླ་བྲང་ནས་གཏོང་བཞིན་ཡོད།
ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༢ ཉིན། ༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་སྐུ་ཞི་བར་གཤེགས་པར་གདན་ས་མཚུར་ཕུ་དང་རུམ་བཏེག་གཞིས་བྱེས་ཀཾ་ཚང་དགོན་སྡེ་ཡོད་དོ་ཅོག་ལ་དགོངས་རྫོགས་མཆོད་སྤྲིན་དང་། དགུང་ཞག་ཚུལ་བཞིན་སྒྲུབ་དགོས་ལུགས་ཀྱི་བཀོད་རྒྱ་དང་འབྱུང་འགྱུར་ཡང་སྲིད་འཁྲུལ་བྲལ་གོང་མ་ན་རིམ་གྱི་རྣམ་ཐར་བདག་གིར་བཞེས་ཤིང་བསྟན་པ་ནང་མཐུན་པའི་སྐལ་བཟང་མྱུར་འཆར་གྱི་ཐུགས་སྨོན་དང་བཀའ་ཡིག་སྩལ། ཚེས་ ༡༣ ཉིན་དུས་མཁྱེན་དཔེ་མཛོད་ནང་༸དབུ་བཞུགས་ཐོག་བླ་མའི་རྣལ་འབྱོར་དང་ཀརྨ་པཀྵིའི་བླ་སྒྲུབ་ཀྱི་སྒོ་ནས་དགོངས་རྫོགས་མཆོད་འབུལ་སྨོན་ལམ་མཛད།
ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༧ ཉིན། ༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ཀརྨ་དཔལ་ལྡན་བློ་གྲོས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་གསོལ།
ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༤ ཉིན། ༸རྒྱལ་དབང་མཆོག་གི་ཐུགས་བཞེད་ལས་༸རྒྱལ་དབང་༸ཀརྨ་པ་བཅུ་དྲུག་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་དང་དུས་རབས་བཅུ་བདུན་པའི་སྟོད་ཆའི་སྤར་མ་འཇང་བཀའ་འགྱུར་རིན་པོ་ཆེ་སླར་བསྐྱར་སྤར་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་གདན་དྲངས། བོད་གངས་ཅན་གྱི་ལྗོངས་སུ་༸རྒྱལ་བའི་བཀའ་འགྱུར་རོ་ཅོག་གཅིག་ལས་དུ་མར་མཆེད་པའི་སྤར་གྱི་འདུ་བྱེད་ལ་བསྒྲུབས་པ་སྔ་བ། འཇང་བཀའ་འགྱུར་སྤར་ཤིང་ལ་བརྐོས་པ་ཐེངས་དང་པོར་གྱུར། ད་ལྟ་འཛམ་བུའི་གླིང་དུ་རེ་གཉིས་རེ་ལས་ཕལ་ཆེར་མེད། དེ་ལྟའི་རྒྱུ་མཚན་ལ་བརྟེན་ནས་༸རྒྱལ་བའི་བསྟན་པ་ཉམས་གསོ་སླད་དུ། འཇང་བཀའ་འགྱུར་རིན་པོ་ཆེ་སླར་ཡང་བསྐྱར་སྤར་དབུ་འབྱེད་མཛད་པ་ནི་༸རྒྱལ་བའི་བཀའ་འགྱུར་ལ་རྒྱལ་དབང་༸ཀརྨ་པ་ཡབ་སྲས་ན་རིམ་གྱིས་ཞབས་ཏོག་མཛད་པའི་མཛད་པ་རླབས་ཆེན་ཞིག་ཏུ་གྱུར། ༸རྒྱལ་དབང་ཀརྨ་པ་བཅུ་དྲུག་པའི་རྗེས་དྲན་མཛད་སྒོ་དང་འཇང་བཀའ་འགྱུར་དབུ་འབྱེད་ཞུ་རྒྱུའི་འབྲེལ་བ་ནི། བོད་གངས་ཅན་གྱི་ལྗོངས་ལ་ཆབ་སྲིད་ཀྱི་འཕོ་འགྱུར་དང་དུས་ཀྱི་རྒུད་པ་མི་བཟད་པ་བྱུང་བ་དང་། ལྷག་པར་དུ་རིག་གནས་གསར་བརྗེ་ཞེས་གྲགས་པའི་མི་ལོ་བཅུའི་རིང་ལ་རྙིང་བཞི་རྩ་གཏོར་དང་། བོད་ཀྱི་ཆོས་རིག་གཏོར་བརླག་ཆེན་པོ་བྱུང་བའི་སྐབས་ལ། ༸རྒྱལ་དབང་བཅུ་དྲུག་པ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྨང་ནས་གསོ་བར་མཛད་པའི་ཐུགས་བསྐྱེད་དང་མཛད་འཕྲིན་རྨད་དུ་བྱུང་བ་ལ་བརྟེན་ནས། ཕྱི་ལོ་ ༡༩༧༦ ནས་ ༡༩༧༩ བར་སྡེ་དགེ་མཚལ་སྤར་མའི་བཀའ་འགྱུར་ཚར་ལྔ་བརྒྱ་དིལླཱིར་སྤར་སྐྲུན་མཛད་དེ་ཆོས་བརྒྱུད་རིས་སུ་མ་མཆིས་པའི་ཆོས་སྒར་དང་དཔེ་མཛོད་ཁག་ཏུ་ཆོས་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེས། ༡༩༨༡ ལོ་མཇུག་ལ་སླར་ཡང་བསྟན་འགྱུར་སྤར་སྐྲུན་བགྱི་འགོ་བཙུགས་ནས་མཐར་ཕྱག་མཛོད་དམ་ཆོས་ཡོངས་འདུ་ནས་མཛད་འཕྲིན་གྱི་མཇུག་སྐྱོང་བར་མཛད་ཡོད། ༸རྒྱལ་དབང་བཅུ་བདུན་པའི་ཞལ་བཀོད་༸རྒྱལ་དབང་༸ཀརྨ་པ་བཅུ་དྲུག་པའི་ཞལ་སྔ་ནས་ཀྱི་བཀའ་འབུམ་རིན་ཆེན་རྣམ་གསུམ་གྱི་གྲངས་ལྡན་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་གིས་རྐང་འགན་བཞེས་ཏེ་ཞུ་སྒྲིག་བགྱིས་པ་དང་། བཙུན་མ་དམ་ཆོས་ཀྱིས་༸རྒྱལ་དབང་བཅུ་དྲུག་པའི་རྣམ་ཐར་མཛད་བརྒྱའི་བརྙན་དེབ་ཕྱོགས་བསྒྲིགས་དབུ་འབྱེད། མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལ་གངས་ལྗོངས་ལོ་རྒྱུས་རིག་པ་སྨྲ་བ་ཡོངས་ཀྱི་ཁྱུ་མཆོག་ཅེས་གཟེངས་བསྟོད་སྩལ།
ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་ནིའུ་ཡོག་ལ་རྩེ་དཔེ་མཛོད་ཁང་དུ་ཕྱི་རྒྱལ་གྱི་བརྩམས་ཆོས་གྲགས་ཅན་བོད་ཡིག་ཏུ་བསྒྱུར་བའི་འགྱུར་བརྒྱ་རྩ་བརྒྱད་ཀྱི་ལས་གཞི་དབུ་འཛུགས་བསྐྱངས། འདི་ནི་རྒྱལ་དབང་༸ཀརྨ་པ་མཆོག་གི་དགོངས་གཞི་དང་རྒྱབ་སྐྱོར་གྱི་འོག་ནས་བཙུགས་པའི་ལ་རྩེ་ཡི་ལས་གཞི་ཞིག་ཡིན། ༢༠༡༧ ཟླ་ ༢ ཚེས་ ༡༠ ཉིན་དམ་ཆོས་བང་མཛོད་ཀྱི་མཉེན་ཆས་ཀྱི་ཆ་ཤས་དམ་ཆོས་འཕྲུལ་དེབ་ https://dharmaebooks.org ཅེས་པ་དབུ་འབྱེད་ཀྱིས་རིས་མེད་ཀྱི་གསུང་འབུམ་དང་འགྱུར་བརྒྱ་རྩ་བརྒྱད་རིན་མེད་ངང་གཟིགས་ཐུབ། བོད་རིག་པའི་མཁས་པ་སྐུ་ཞབས་རྗེན་སི་མི་ཐིས་ (E. Gene Smith) བཙུགས་པའི་ BDRC ནང་བསྟན་དཔེ་ཚོགས་ལྟེ་གནས་ནི་དྲྭ་ཐོག་ཏུ་བོད་ཡིག་གི་ཡིག་ཆ་མང་ཤོས་ཅན་ཡིན་པའི་ཡིག་ཚང་ཚོགས་ཡུལ་གྱི་ཁང་པའི་སྦྱིན་བདག་སོགས་ཀྱི་རྒྱབ་སྐྱོར་མཛད།
ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༠ ཉིན་༸རྒྱལ་དབང་མཆོག་གིས་རྡོ་རྗེ་གདན་དུ་འཕགས་མ་བདེ་བྱེད་མ་བཙུན་མའི་དགུན་ཆོས་ཐེངས་དང་པོར་གསར་འཛུགས་དང་། ༢༠༡༧ ཟླ་ ༣ རྡོར་གདན་བཀའ་བརྒྱུད་འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བཞི་པའི་ཐོག་ཏུ་༸རྒྱལ་དབང་མཆོག་དབུ་བཞུགས་མཛད་དེ། ཐའེ་ཝན་ནས་ཆེད་དུ་གདན་ཞུས་རྒྱ་ཡི་དགེ་སློང་མ་བཅུ་གྲངས་ནས་རྡོར་གདན་བྱང་ཆུབ་ཤིང་དྲུང་དུ་བདག་ཅག་གི་སྟོན་པའི་ཆོ་འཕྲུལ་དུས་ཆེན་དང་མར་པ་ལོ་ཙྰའི་འདས་མཆོད་ཟུང་དུ་འཁེལ་བའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་རང་རེའི་བཙུན་མ་ཞལ་གྲངས་བཅུ་དགུ་ལ་ལོ་རྒྱུས་རང་བཞིན་གྱི་དགེ་ཚུལ་མའི་སྡོམ་པ་གསར་དུ་འབོགས་པར་མཛད། དངོས་གཞི་བཀའ་བརྒྱུད་སྨོན་ལམ་འདོན་ཆ་ནི་རིས་མེད་སྨོན་ལམ་དང་རྒྱན་གཏོར་ནི་སྟོན་པའི་མཛད་ཆེན་བཞི་དང་ཆོས་བརྒྱུད་ཆེན་པོ་བཞིའི་སྲོལ་གཏོད་བླ་མ་རྣམ་པ། མི་འཁྲུགས་པའི་བསྙེན་མཚམས། བཀའ་འགྱུར་ཆོས་སྐོར་དག་སྒྲོགས། བསོད་སྙོམས་རྒྱུ་འབུལ། ནཱ་རོ་ཆོས་དྲུག་འཁྲུལ་འཁོར་དང་རས་འབུད། བོད་ཀྱི་བསྟན་སྲིད་བདེ་རིམ། རིས་མེད་བླ་ཆེན་ཞབས་བརྟན། ཚེས་བཅུ་དང་དགུ་གཏོར་གྱི་གར་འཆམ། མར་མེ་སྨོན་ལམ་ལ་སོགས་ཀྱིས་ལོ་རེའི་བཀའ་བརྒྱུད་སྨོན་ལམ་གྱི་མཛད་སྒོ་ཁག་ནི་དོན་སྙིང་དང་ལྡན་པ་ཤ་སྟག་ཏུ་གྱུར། འཛམ་གླིང་ཤར་ནུབ་ཀྱི་བཀའ་བརྒྱུད་པ་རྣམས་ལྷན་འཛོམས་ཀྱི་དུས་སྟོན་གལ་ཆེ་ཤོས་ཤིག་ཏུ་ཡང་གྱུར། ད་ལྟའི་ཆར་དགེ་བཙུན་དད་ལྡན་ཕོ་མོ་ཁྲི་ཚོ་ལ་ཉེ་བ་རྒྱུན་དུ་འདུ་བཞིན་མཆིས། རྡོར་གདན་ཡུལ་མི་ཉམ་ཐག་ནད་པ་དང་བདག་མེད་དུད་འགྲོ་རྣམས་ལ་རིན་མེད་སྨན་བཅོས་ཀྱི་ལས་གཞི་སོགས་རེ་རེ་ནས་སྨོས་ཀྱིས་མི་ལངས་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ཡིན།
ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༦ ཉིན་སྔ་འགྱུར་རྙིང་མའི་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་རྡོ་རྗེ་གདན་དུ་གཟུགས་སྐུ་ཆོས་དབྱིངས་སུ་མནལ་བའི་ཚུལ་བསྟན་པར་རྡོ་རྗེ་བྲག་གི་འདུས་མང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བྱོན་ནས་གདུང་མཆོད་ཞལ་འབྱེད་དང་བཟང་སྤྱོད་སྨོན་ལམ་གྱི་སྒོ་ནས་ཐུགས་སྨོན་རྒྱ་ཆེར་མཛད། ཚེས་ ༢༠ ཉིན་རྡོར་གདན་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་གི་གཙུག་ལག་ཁང་གསར་པ་དབུ་འབྱེད་དང་རབ་གནས་ཀྱི་ཕྱག་ནས་ཟུག་པར་མཛད།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༦ ཉིན་༸རྒྱལ་དབང་མཆོག་གི་ཐུགས་བཞེད་བཞིན་བཀའ་བརྒྱུད་དགུན་ཆོས་ཐེངས་ཉི་ཤུ་པ་དབུ་འབྱེད་ཉིན་མོར་སྟག་ལུང་ག་ཟི་ཁྲི་འཛིན་༸ཞབས་དྲུང་རིན་པོ་ཆེ་ཆིབས་བསྒྱུར་དང་བཤད་གྲྭ་བ་རྣམས་ནས་བརྒལ་བརྟག་གི་མཆོད་སྤྲིན་དང་ཤིས་ཚིག་ཚིག་བཟང་བཅས་གསུངས། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༡ ཉིན། སྐྱབས་རྗེ་འབྲོང་སྤྲུལ་བསྟན་དགའ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཐག་གཅོད་དང་དབུ་སྐྲ་གཙུག་ཕུད་བཞེས། སྔ་རྗེས་ཞི་བར་གཤེགས་པའི་༸སྐྱབས་རྗེ་གནས་མདོ་ཀརྨ་ཆགས་མེད་རིན་པོ་ཆེ་དང་ཆོས་རྗེ་ཨ་དཀོན་རིན་པོ་ཆེ་དང་རི་པ་བག་ཡོད་རིན་པོ་ཆེ་རྗེས་དྲན་ཕྱིར་མདོ་ལུགས་ཀྱི་བླ་མཆོད་དང་ཡང་སྲིད་འཁྲུལ་བྲལ་གང་མྱུར་འབྱོན་པའི་ཐུགས་སྨོན་མཛད། གཞན་ཡང་ཞི་བར་གཤེགས་པ་སྔ་འགྱུར་རྙིང་མའི་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དང་༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་སྒྲིག་གཤོམ་དང་འབྲེལ་གསོལ་འདེབས་དང་འདས་མཆོད་མཆོད་སྤྲིན་གྱི་སྲུང་བརྩི་བླ་མེད་ཞུས།
ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ ཉིན། ༸རྒྱལ་དབང་མཆོག་གི་ལམ་སྟོན་དང་དབུ་བཞུགས་མཛད་དེ་ནིའུ་ཡོག་གི་སྒྱུ་རྩལ་འཁྲབ་སྟོན་ཁང་ LaGuardia Performing Arts Center, Long Island City ནང་དད་འདུས་སྟོང་ཚོ་དུ་མར་རྗེ་བཙུན་མི་ལའི་རྣམ་ཐར་འཁྲབ་སྟོན་གཟིགས་འབུལ། ༸རྒྱལ་དབང་༸ཀརྨ་པ་བཅུ་བདུན་པ་མཆོག་གིས་རྒྱལ་བསྟན་སྤྱི་དང་ཀར་བསྟན་ཡུན་གནས་སླད་ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༩ ཉིན་རྒྱལ་ས་དིལླཱི་རུ་༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་དང་མཇལ་འཕྲད། ༢༠༡༨ ཟླ་ ༩ ཚེས་ ༡༠ དང་ ༡༡ སོ་སོ་དང་། ༢༠༢༣ ཟླ་ ༡༢ ཚེས་ ༤ ཉིན་ནུབ་ཕྱོགས་ཕ་རན་སིའི་ས་གནས་དབེན་པ་ཞིག་ཏུ་རྒྱལ་བ་མཐའ་ཡས་རྡོ་རྗེ་དང་མཇལ་འཕྲད་སྔ་རྗེས་བསྐྱངས།
༸རྒྱལ་དབང་༸ཀརྨ་པ་མཆོག་གིས་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ལ་ཆེད་དུ་དམིགས་པའི་བསླབ་བྱ་སྙིང་རྗེའི་ནུས་པ་ཞེས་པའི་ཨིན་ཡིག་ཕྱག་དེབ་ལ་སྐྱེ་བོ་མང་པོས་བསྔགས་བརྗོད་དང་གུས་བརྩི་ཞུས་པའི་ཆ་ཤས་སུ་ཨ་རིའི་ California ཡོད་པའི་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་ UNIVERSITY OF REDLANDS ནས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༤ ཉིན་འབུམ་རམས་པའི་མཚན་གནས་ (Doctorate Awarded) ཕྱག་འཁྱེར་དང་། ༢༠༡༥ ཟླ་ ༤ ཚེས་ ༧ ཉིན་ཨ་རིའི་ཡེལ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ Chubb Fellowship ཞེས་པའི་མཛའ་འབྲེལ་མཚོན་པའི་སྙན་གྲགས་ཅན་གྱི་གཟེངས་བསྟོད་ཕྱག་འཁྱེར་དང་། གཞན་ཡང་རྒྱ་གར་གྱི་གཟི་བརྗིད་ (India Splendor) གཟེངས་རྟགས་ལ་སོགས་འབུལ་ལམ་ཞུས།
ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ཉིན་དྷརྨ་ཤཱ་ལྰར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཆོས་བརྒྱུད་ཁག་གི་བླ་ཆེན་ལྷན་ཚོགས་སུ་༸རྒྱལ་དབང་ཀརྨ་པ་མཆོག་གདན་ཞུ་ཕུལ་ཡོད་ཀྱང་ཕྱིར་རྒྱ་གར་དུ་འབྱོན་དཀའ་ན། མགོན་པོ་གང་གིས་མཚུར་ཕུ་དྲུང་པ་༸གཽ་ཤྲི་རྒྱལ་ཚབ་བཅུ་གཉིས་པ་སྐུ་ཚབ་ཏུ་འབྱོན་དགོས་པའི་ཞབས་བསྐུལ་མཛད་དེ། ༸གོང་ས་མཆོག་གི་སྐུ་ཡི་ཡང་སྲིད་སྐོར་ལས་འཕྲོས་པའི་རྨོངས་འཆར་འགའ་ཞེས་པའི་ཕྱག་བྲིས་ཤོག་ལྷེ་ལྔ་ཅན་ཞིག་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ཉིན་ཕུལ་བ་ལྷན་ཚོགས་དབུས་སུ་གྲོས་བསྡུར་ལ་ཐུགས་ཕན་ཤིན་ཏུ་གསོས་པ་བྱུང་།
ཕྱི་ལོ་ ༢༠༢༠ ལོར་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཀྱི་འཇིགས་དངངས་སྐབས་སུ་དྲྭ་ལམ་ནས་རིམས་ནད་ཞི་བའི་རྐྱེན་ཟློག་སྨོན་ལམ་ཞག་བདུན་བསྐྱངས་པར་འཛམ་གླིང་གང་ས་ནས་དད་ལྡན་རྗེས་འཇུག་པ་འཇིགས་དངངས་ལས་ཅུང་ཟད་ཞི་བར་མཛད། ཀཾ་ཚང་བཤད་གྲྭ་བ་རྣམས་ལ་དྭགས་པོའི་ཆོས་བཞི། བཙུན་མ་རྣམས་ལ་མི་བསྐྱོད་རྡོ་རྗེའི་རྣམ་ཐར། ཚོགས་གྲྭ་བ་རྣམས་ལ་མར་རྔོག་དབྱར་ཆོས(གསང་སྔགས་ཀྱི་བྱུང་བ་བརྗོད་པ་)། བླ་མ་ལྔ་བཅུ་པ་སོགས་ཀྱི་གསུང་ཆོས་སྲོལ་རྒྱུན་གྱི་རྒྱུ་ཆ་དང་དེང་རབས་ཀྱི་ཞིབ་འཇུག་གཉིས་ཀས་ཕྱུག་པའི་རྨད་དུ་བྱུང་བའི་ལེགས་བཤད་ལོ་ལྟར་བཀའ་དྲིན་བསྟུད་མར་སྩོལ་བཞིན་པའོ། །ཕྱི་ལོ་ ༢༠༢༢ ལོར་བོད་ཡིག་ཚིག་མཛོད་ཚད་ལྡན་ཉེར་གཅིག་ཙམ་གཙོ་བཟུང་བྱས་པའི་སཾ་བོད་རྒྱ་དང་དབྱིན་བོད་ཀྱི་ཚིག་མཛོད་མཉེན་ཆས་སཾ་བྷོ་ཊ་ཚིག་མཛོད་ https://dict.dharma-treasure.org ཅེས་པ་རིན་མེད་འགྲེམས་སྤེལ་གྱིས་བོད་ཀྱི་ཆོས་རིག་འཛམ་གླིང་རང་བཞིན་ཅན་དུ་འགྱུར་བར་བཀའ་དྲིན་ཆེས་ཐོག་མར་བསྐྱངས།
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༥ ཉིན། སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ། ༸རྒྱལ་དབང་༸ཀརྨ་པ་མཆོག་གིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པའི་སྐོར་གང་ཉིད་ཀྱི་གསུང་འཕྲིན་བཀའ་ཡིག་ལས། ད་ལམ་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་༸སྐྱབས་མགོན་དོན་གྱི་བདག་པོའི་དགྱེས་ཞལ་སླར་ཡང་མཇལ་ནས། གསུང་གི་བདུད་རྩི་མཉན་པའི་སྐལ་བཟང་མངོན་དུ་གྱུར་པས་ཡིད་ལ་དགའ་སྐྱོ་ཟུང་འབྲེལ་གྱི་ཉམས་ཤིག་སྐྱེས། ནམ་རྒྱུན་བརྙན་འཕྲིན་སོགས་ནས་མཇལ་བ་དང་མི་འདྲ་བར་ད་རེས་ཞལ་གྱི་དཀྱིལ་འཁོར་དངོས་སུ་མཇལ་སྐབས་སྐུ་བགྲེས་ཉམས་ཆེ་ཞིང་། ཐ་ན་ཞལ་འཕྲོས་མཛད་དུས་ཀྱང་གསུང་ཤུགས་ཞན་པ་སོགས་སྔར་དང་གཏན་ནས་མི་འདྲ་བས་བློས་མི་བཟོད་པ་ཆེན་པོ་བྱུང་ཞིང་། ༸མགོན་པོ་གང་གིས་སྐུ་གསུང་ཐུགས་ཀྱི་ཟུངས་སྟོབས་ཡོད་ཚད་ངེད་ཅག་གི་དོན་དུ་བཏང་ནས། ད་ལྟ་སྐུ་ལུས་ཉམ་ཆུང་བ་འདི་ལྟ་བུ་ཞིག་ཏུ་གྱུར་པ་དེས་ཡིད་ལ་གདུང་བ་དང་། བཀའ་དྲིན་དྲན་པའི་བསམ་པ་གཉིས་ཕན་ཚུན་འགྲན་པ་བཞིན་དུ་སྐྱེ་བ་ཞིག་བྱུང་། སྐུ་གཟུགས་ཀྱི་གནས་སྟངས་དང་། སྐུ་ཐང་ཆད་པའི་ཉམས་འགྱུར་དེས་གཞན་མང་པོ་ཞིག་ངག་ནས་མ་ཐོན་ཀྱང་། བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་རྒྱུ་ལས་ལྷག་པའི་དོན་ཞིག་མེད་ལུགས་ཞུས་ཤིང་། གཞན་ཞུ་བའི་རིགས་ཐམས་ཅད་ཡིག་ཐོག་ཏུ་བྲིས་ནས་ཕུལ་བ་ལ་སྐར་མ་བཅུ་ཙམ་རིང་གཟིགས་རྟོག་ཞིབ་མོ་མཛད་ནས། ༸མགོན་པོ་གང་ཉིད་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་རྒྱུའི་ལུང་བསྟན་ཡོད་ཚུལ་དང་། ཐུགས་བཞེད་གཙོ་བོ་རྒྱ་ནག་རི་བོ་རྩེ་ལྔར་གནས་སྐོར་ལ་ཕེབས་རྒྱུ་དང་། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བསྟན་པ་ཆ་ཚང་བ་འདི་འདྲ་བོད་གངས་ཅན་ལྗོངས་ལས་གཞན་ལ་མེད་པའི་ཁྱད་ནོར་ཡིན་པས། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་གལ་ཆེར་མཛད་ལུགས་ཀྱི་བཀའ་ཕེབས། མདོར་ན་ད་རེས་ཞལ་མཇལ་བ་དང་། གསུང་ཐོས་པ་དེས་སེམས་ལ་དཀོན་པའི་འདུ་ཤེས་སྔར་དང་མི་འདྲ་བ་ཞིག་སྐྱེས་པར་མ་ཟད། ༸སྐྱབས་མཆོག་གང་གིས་སྐུ་ཚེ་འདིར་ཐུགས་ལ་ཅི་བཞེད་པའི་དགོངས་པ་མཐའ་དག་འཕྲལ་དང་མྱུར་དུ་སྒྲུབ་དགོས་པ་ལས། ཕྱིར་བཤོལ་དང་ལྷོད་གཡེང་བྱེད་པའི་དུས་ཚོད་མེད་པ་ལྟ་བུ་ཞིག་མཇལ། ༸མགོན་པོ་གང་གིས་བདག་ཅག་གི་དོན་དུ་སྐུ་ངལ་འོ་བརྒྱལ་བསམ་གྱིས་མི་ཁྱབ་པ་མཛད་ཟིན་ཅིང་། ད་ནི་སྐུ་ནའི་བབས་དང་། སྐུ་གཟུགས་ཀྱི་གནས་སྟངས་སོགས་ལ་གཞིགས་ན་སྐུ་ངལ་གསོ་རྒྱུ་དང་། སྐུའི་འཕྲོད་བཞེས་གནང་རྒྱུ་ལས་ལྷག་པའི་དོན་ཆེན་ཞིག་མེད་པས། དེ་ལ་རང་གཞན་ཚང་མས་བསམ་ཤེས་དང་དོ་ཁུར་ངེས་པར་མཛད་དགོས་པར་འདུག ལྷག་པར་༸མགོན་པོ་གང་ཉིད་སྐུ་འཚོ་ཞིང་གཞེས་པ་འདིའི་རིང་ལ་ཕ་ཡུལ་གངས་ཅན་གྱི་ལྗོངས་སུ་ཆིབས་ཞལ་བསྒྱུར་ནས། ཞབས་སེན་ས་ལ་རེག་པ་ཙམ་གྱིས་ཀྱང་གཞིས་ལུས་བོད་མི་ཤི་གསོན་ཐམས་ཅད་ཀྱི་རེ་བ་རྫོགས་ཤིང་། བླ་མའི་ཐུགས་དགོངས་འགྲུབ་པ་ཞིག་འོང་བར་འདུག་པས། རང་རིགས་ཕུ་ནུ་མིང་སྲིང་ཐམས་ཅད་ནས་མཐུན་ལམ་དཀར་འཇམ་ཡུག་གཅིག་གིས་༸རྒྱལ་བའི་དགོངས་པ་མྱུར་དུ་འགྲུབ་པའི་མཐུན་འགྱུར་གྱི་ཞབས་འདེགས་དང་། ཐ་ན་བསྔོ་བ་སྨོན་ལམ་ཚུན་ཆད་ཉིན་མཚན་ལྟོས་མེད་དུ་འདེབས་དགོས་པའི་དུས་གལ་པོ་ཆེ་ལ་སླེབས་འདུག ཆོལ་ཁ་ག་གེ་མོ། ཆོས་ལུགས་ཆེ་གེ་མོ། ལྟ་བ་དང་ལངས་ཕྱོགས་ཉོག་གེ་མོ་སོགས་ཅི་ཡིན་ཀྱང་རུང་། བོད་སྤྱི་ཡི་ཕན་བདེའི་དོན་དུ་ཆེ་བཞག་ཆུང་བསྐྱུར་མཛད་དེ། གསེར་དང་ར་གན་མ་ནོར་བ། ཙནྡན་ཐལ་བར་བཟོས་ནས་མ་འཚོང་བ་ཞིག་གལ་ཆེ་བར་འདུག གཙོ་བོ་བླ་མ་༸ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་ཡོད་པ་ཐུགས་ལ་བཞག་ནས་བསྟན་པའི་སྤྱི་དོན་དང། བོད་མིའི་བདེ་དོན་ལ་གདུང་ཤུགས་ཆེར་བསྐྱེད་མཛད་པར་ཞུ་ཞེས་ངག་ནས་ཐལ་ལོ། །ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས། སྤྱིལོ་ ༢༠༢༤ ཟླ་ ༨ ཚེས་ ༢༨ ལ་ཕུལ། ཞེས་པ་གཞིས་བྱེས་གངས་ཅན་པ་ཡིན་ནོ་ཅོག་དང་སྲི་ཞུ་བ་མཐའ་དག་གིས་ཐུགས་དགོངས་ཚུལ་བཞིན་དུ་བསྒྲུབ་དགོས་པའི་མ་འོངས་མངོན་གཟིགས་ཀྱི་བསླུ་མེད་རྡོ་རྗེའི་གསུང་ངོ་། །
བཙན་བྱོལ་དུ་བྱོན་ནས་ལོ་ངོ་ཧྲིལ་པོ་ཉེར་ལྔ་ཙམ་འདས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་གཟིགས་པ་དང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་ལོ་ངོ་དུ་མའི་རིང་བཞུགས་ཡུལ་གོ་སྒྲིག་ཙམ་མིན་པར་གང་ཅིའི་ཐད་ནས་བཞུགས་རིན་དང་གློག་རིན་ཅི་ཡང་མི་བཞེས་པའི་བཀའ་དྲིན་ངང་ཡིན། རྒྱལ་བསྟན་སྤྱི་དང་བྱེ་བྲག་ཤེས་རིག་གི་བསྟི་གནས་ཏཱ་ལའི་བླ་མ་མཐོ་སློབ་ཀྱིས་གཙོས་པའི་ཤེས་ཡོན་སྡེ་ཚན་ཁག་དང་། གདན་ས་བཀྲ་ཤིས་ལྷུན་པོ་དང་ལྷོ་ཕྱོགས་སྒོམ་སྡེ་ཁང་ཚན་དང་གཙང་པ་ཁང་ཚན་ལ་སོགས་རིས་མེད་ཀྱི་ཆོས་སྡེ་ཁག་དང་། སྦིར་ལི་ལི་གཞིས་ཆགས་གསར་པ་དང་ཟློས་གར་པ་ལ་སོགས་ཚོགས་སྐྱིད་དང་སྒེར་གྱི་བདེ་སྡུག་ཞུ་མི་དབྱེ་བ་མེད་པར་ཀུན་ལ་མཐུན་སྦྱོར་གཟིགས་སྐྱོང་བླ་མེད་མཛད་མུས་དང་། ཏི་ལོ་ཕུག་བཙུན་དགོན་གསར་པའི་གཙུག་ལག་ཁང་གི་ས་གཞི་རྟེན་དང་བརྟེན་པར་བཅས་པ་བྱེས་ཀྱི་གཙང་ཞ་ལུ་དགོན་པར་སྩལ།
ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༥ ཉིན་ལ་དྭགས་རྒྱལ་ས་སླེ་དང་རྩ་ཕུ་སོགས་སུ་ཆུ་རུད་ཀྱི་དོན་རྐྱེན་བྱུང་བར་མི་སྣ་ཆེད་རྫོང་གིས་དངུལ་དང་བཟའ་བཅའ་གྱོན་གོས་སོགས་སྩལ། ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་དུ་ས་ཡོམ་གྱི་རྐྱེན་པས་མི་ཤི་རྐྱེན་ཆག་ཚབས་ཆེ་བྱུང་བར་ཛ་དྲག་མྱུར་སྐྱོབ་ཀྱི་མཐུན་རྐྱེན་དུ་དམིགས་ནས་རྡོར་གདན་བཀའ་བརྒྱུད་སྨོན་ལམ་སྐབས་ཀྱི་དགེ་འདུན་པའི་དབུ་གུར་ཡོངས་རྫོགས་དང་དངུལ་དང་གྱོན་གོས་དང་བཟའ་བཅའ་སོགས་མི་སྣ་ཆེད་རྫོང་དང་བཅས་ཏེ་ཞལ་འདེབས་དང་ཐུགས་གསོའི་གསུང་འཕྲིན་སྩལ། གཞུང་འབྲེལ་བླ་ཆེན་ལྷན་ཚོགས་དང་མཆོད་འབུལ་སྨོན་ལམ། བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས། སེམས་དང་སྲོག་གི་ཚན་རིག་ལྷན་ཚོགས་སོགས་དང་། ཁུ་ནུ། མོན་རྟ་དབང་ཁུལ་དུ་མངའ་སྡེའི་སྐུ་མགྲོན་གཙོ་བོ་དང་། དིལླཱིའི་ Asoka Mission འཛམ་གླིང་ནང་པའི་ལྷན་ཚོགས། རྒྱ་གར་ཆོས་ལུགས་རིས་མེད་ཀྱི་སྲོལ་རྒྱུན་བཟང་སྤྱོད་ཀྱི་ཚོགས་འདུ། ནུབ་བངྒལ། ནག་པུར་དང་མུམ་བྷེ། ཌལ་ཧོར་གཞིས་ཆགས། ས་སྐྱ་ཆོས་སྒར། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། འབྲི་གུང་བྱང་ཆུབ་གླིང་། བཀྲ་ཤིས་འཁྱིལ། འབྲུག་བདེ་ཆེན་ཆོས་འཁོར། བདེ་སྐྱིད་གླིང་། དོན་གྲུབ་གླིང་། མངོན་དགའ། ཞ་ལུ་དགོན། མ་སུ་རི་སོགས་དང་། སྔ་འགྱུར་རྙིང་མའི་རྡོ་རྗེ་བྲག་དགོན། དཔལ་སྤུངས་ཤེས་རབ་གླིང་། ཁམས་སྒར་བཀྲ་ཤིས་ལྗོངས། རྡོར་གླིང་འབོ་དཀར་དགོན། འབུན་དར་འབྲུག་བདེ་ཆེན་ཆོས་འཁོར། དོན་བརྒྱུད་དགའ་ཚལ་གླིང་། རྡོར་རྫོང་དགོན། དཔལ་གཤེན་བསྟན་སྨན་རིའི་གླིང་། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། དིལླཱི་བོད་སྒར་བསམ་ཡས་གླིང་། དྷརྨ་ཤཱ་ལཱའི་ཉེ་འདབས་རིས་མེད་ཆོས་སྡེ་དང་བོད་ཁྱིམ་སློབ་གྲྭ་ཁག་གིས་གཙོས་རང་རིགས་འདུས་སྡོད་ས་གནས་ཁག་ཏུ་ཆིབས་བསྒྱུར་ཆོས་འབྲེལ་ལན་མང་བསྐྱངས། བསྟན་དང་འགྲོ་བའི་དོན་དུ་མཛད་འཕྲིན་བླ་མེད་བསྐྱངས་དང་སྐྱོང་བཞིན་པའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་དུ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཀརྨ་པ། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པ། །རྒྱལ་ཀུན་གདུང་འཚོབ་དབང་བསྐུར་ཀརྨ་པ། །ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་ཞབས་བརྟན་གསོལ། །མངྒ་ལཾ།། །།
