༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག
༄༅། །ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་ནི། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ཆུ་ཕོ་བྱི་བའི་ལོ་སྟེ། ཕྱི་ལོ་ ༡༩༧༢ ཟླ་ ༡༡ ཚེས་ ༢༩ ཉིན་བོད་མདོ་སྨད་ཟིང་ཆུ་རྫོང་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་སྡེ་མ་ཡོན་སྡེ་པའི་ཕྱུག་ཕྲུག་ཚང་ཞེས་པར་ཡབ་དཔལ་ཡོན་འབུམ་གསལ་དང་ཡུམ་ཀླུ་གཡང་ཕྱུག་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་སྐུ་ན་ཆུང་དུས་ཀྱི་མཚན་ལ་ནོར་བུ་བསམ་འཕེལ་ཞེས་ཞུ། ཕྱི་ལོ་ ༡༩༧༦ དགུང་གྲངས་ལྔ་བཞེས་ཐོག་ས་གནས་ཉིན་སློབ་ཏུ་ཕེབས་ནས་ཐོག་མར་ཡི་གེ་འབྲི་ཀློག་སོགས་བསླབས་གནང་། དགུང་གྲངས་བརྒྱད་ནས་གདན་ས་གཡུང་དྲུང་གླིང་གི་དགེ་བཤེས་སྒྲ་ཏོག་དཔལ་ཆེན་༸སྐྱབས་མཆོག་གི་མདུན་ནས་སྐྱབས་འགྲོ་འདོན་ཆོག་སོགས་ལ་སྦྱངས་འགོ་བཙུགས། ཕྱི་ལོ་ ༡༩༨༢ དགུང་གྲངས་བཅུ་གཅིག་བཞེས་ཐོག་དགའ་མལ་དགོན་གཡུང་དྲུང་དར་རྒྱས་གླིང་གི་དབུ་བླ་ཚབ་ཚ་བསྟན་པ་གོང་འཕེལ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཚེ་རིང་སྐྲ་ཕུད་ཞུས་ཏེ་དགོན་པའི་སྒྲིག་ཁོངས་སུ་ཞུགས། མཚན་ལ་བཟོད་པ་བརྩོན་འགྲུས་ཞེས་གསོལ། ཕྱི་ལོ་ ༡༩༨༣ དགུང་གྲངས་བཅུ་གཉིས་ཙམ་ནས་སློབ་དཔོན་སྐལ་བཟང་དར་རྒྱས་མཆོག་གི་སྐུ་མདུན་ནས་དགེ་བསྙེན་གཏན་ཁྲིམས་སྣ་ལྔ་ཞུས། དེ་ནས་རིམ་བཞིན་སློབ་གཉེར་གྱི་ཞོར་དུ་དགོན་པའི་དུང་པ་དང་། ཇ་འདྲེན། མཆོད་དཔོན། འཆམ་པོ་སོགས་ཀྱི་འགན་བཞེས་གནང་། ཕྱི་ལོ་ ༡༩༨༨ དགུང་གྲངས་བཅུ་བདུན་བཞེས་ཐོག་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་མཐར་ཕྱིན་དང་སློབ་དཔོན་སྐལ་བཟང་དར་རྒྱས་རྣམ་གཉིས་ཀྱི་དྲུང་དུ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཤིང་མཚན་ལ་ཚུལ་ཁྲིམས་ཉི་མ་ཞེས་གསོལ་བསྩལ་གནང་། ལོ་དེར་སློབ་དཔོན་སྐལ་བཟང་དར་རྒྱས་མཆོག་གི་སྐུ་མདུན་ནས་བསྡུས་གྲྭའི་རིགས་ལམ་ཆེ་འབྲིང་ཆུང་གསུམ་ལ་སྦྱངས་པ་གནང་། ཕྱི་ལོ་ ༡༩༨༩ དགུང་གྲངས་བཅོ་བརྒྱད་བཞེས་ཐོག་དགའ་མལ་དགོན་གྱི་བཤད་གྲྭར་ཞུགས་ཤིང་དཔོན་སློབ་ཡེ་ཤེས་རྒྱལ་མཚན་གྱི་མདུན་ནས་བློ་རྟགས་བསྡུས་གསུམ་དང་། ཚད་མ། ཤེར་ཕྱིན་སོགས་ལ་སློབ་གཉེར་གནང་།
ཕྱི་ལོ་ ༡༩༩༤ དགུང་གྲངས་ཉེར་གསུམ་ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣པ་རིན་པོ་ཆེ་མཆོག་འཁྲུངས་ཡུལ་དུ་ཆིབས་ཞལ་གནང་སྐབས་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ་ཞུས། མཚན་ལ་ཟླ་བ་དར་རྒྱས་དབང་པོ་ཞེས་སུ་གསོལ་གནང་བས་རྟེན་འབྲེལ་བཟང་། ཕྱི་ལོ་ ༡༩༩༥ དགུང་གྲངས་ཉེར་བཞི་བཞེས་ཐོག་དགའ་མལ་དགོན་གཡུང་དྲུང་དར་རྒྱས་གླིང་དུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་མདུན་ནས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་གནང་། དགའ་མལ་དགོན་དུ་བཞུགས་རིང་མཚན་ཉིད་དགེ་སྐོས་དང་། ཚོགས་ཆེན་དགེ་སྐོས་སོགས་ཀྱི་ཐུགས་འགན་བཞེས་གནང་།
ཕྱི་ལོ་ ༡༩༩༦ དགུང་གྲངས་ཉེར་ལྔ་ཐོག་རྒྱ་གར་དུ་ཕེབས་ནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཤིང་། གཡུང་དྲུང་བོན་གྱི་བླ་ཆེན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༸སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་དྲུང་ནས་མཚན་ཉིད་གཞུང་ཆེན་བཀའ་པོད་དྲུག་དང་། བཅུ་ཕྲག་རིག་གནས་ཀུན་ལ་གསན་སྦྱངས་དང་། སློབ་གཉེར་གྱི་ཞོར་དུ་བཤད་སྒྲུབ་འདུས་སྡེའི་གཉེར་པ་དང་། དགེ་སྐོས། ཚོགས་གཞོན། སྨན་རིའི་གྲྭ་ཚང་གི་གཉེར་པ། གསང་སྔགས་སྒོམ་སྒྲུབ་གླིང་གི་གཉེར་པ། སྨན་རིའི་ཚང་གི་ལས་གཉེར་སོགས་གནང་།
དགུང་གྲངས་ཞེ་གཅིག་བཞེས་པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་བ་གསུམ་པའི་ནང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་པའི་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་ལོ་ངོ་བཅུ་དྲུག་རིང་གི་སློབ་གཉེར་ལེགས་མཐར་ཕྱིན་པའི་འབྲས་རྟགས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས། དེ་ནས་བཟུང་རྒྱལ་བ་སྨན་རི་བ་སྐུ་གོང་མའི་བཀའ་དགོངས་བཞིན་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དངུལ་གཉེར་དང་། དྲུང་ཆེ་སོགས་ཀྱི་ལས་འགན་བཞེས་གནང་།
ཕྱི་ལོ་ ༢༠༡༧ ལོ་མཇུག་ཏུ། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ལ་སོགས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། གནད་ཡོད་མི་སྣ་མང་པོས་ཡུན་རིང་བཀའ་བགྲོས་གནང་མཐར་སྔར་སྲོལ་བཞིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཡི་དམ་དབལ་གསས་རྔམ་པའི་གཞུང་དང་བསྟན་སྲུང་སྡེ་བཞིའི་གཞུང་བསྲངས་ཏེ། དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བའི་འབྲས་རྟགས་སུ། དགུང་གྲངས་ཞེ་བདུན་བཞེས་པའི་ཐོག་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་དཔལ་གཤེན་བསྟན་སྨན་རིའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་མདོ་ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་ཉིད། རྒྱལ་བ་མཉམ་མེད་ཆེན་པོའི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གསེར་ཁྲིའི་མངའ་བདག་སྨན་རིའི་མཁན་ཆེན་ནམ་ཁྲི་འཛིན་སོ་བཞི་པའི་རྟགས་སྒྲིལ་དུ་བབས་པ་བཞིན་གསེར་ཁྲིར་མངའ་གསོལ་མཛད།
ཕྱི་ལོ་ ༢༠༡༨ ལོར་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་གོང་མ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་གཟིམས་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་དུ་རིན་པོ་ཆེ་མཆོག་གི་སྐུ་ང་འདྲ་མ་དང་། གསེར་གདུང་གཟི་བྱིན་རང་འབབ། ༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུལ་ཁང་གཡས་ཕྱོགས་སུ་རྡོ་ཀ་མ་རུ་པ་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་རྣམ་དག་དཀར་པོ་ཐོག་བརྩེགས་གཅིག་གི་ཚད་ཅན་དང་། འདུལ་ཁང་དུ་༸སྐྱབས་རྗེ་དམ་པ་མཆོག་གི་སྐུ་འདྲ་ཐོག་བརྩེགས་གཅིག་གི་ཚད་ཅན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་༸སྐྱབས་རྗེ་དམ་པ་མཆོག་གི་སྐུ་འདྲ་དང་། ཤེས་རབ་སྨྲ་བའི་སེངྒེའི་སྐུ་བཅས་གསར་བཞེངས་མཛད། ཕྱི་ལོ་ ༢༠༡༨ ཟླ་ ༤ པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསར་མཇལ་ཞུས་སྐབས་སྐུ་རྟེན་དུ་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་དང་། གསུང་རྟེན་དུ་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་མཛད་རྣམ་རྒྱས་པ་མདོ་དྲི་མེད་གཟི་བརྗིད་པོད་བཅུ་གཉིས་ཆ་ཚང་། ཐུགས་རྟེན་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཅས་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཕུལ་བས་༸གོང་ས་མཆོག་ཐུགས་དགྱེས་ཆེན་པོ་གནང། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིན་པོ་ཆེ་མཆོག་ལ་གསུངས་དོན་ཁྱེད་ཉིད་༸གཡུང་དྲུང་བོན་གྱི་བླ་ཆེན་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ཆེན་པོར་རྟགས་སྒྲིལ་བབས་པར་རྗེས་སུ་ཡི་རང་དང་། བོད་སྤྱི་དང་ཁྱད་པར་དུ་ཞང་ཞུང་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་ཀྱི་ཁུངས་བོན་པོ་ལ་ཐུག་ཡོད་སྐོར་དང་། གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཉིས་སུ་སློབ་གཉེར་དང་འཆད་རྩོད་གནང་ཕྱོགས་ལ་བསྔགས་བརྗོད་དང་། མ་འོངས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་རྒྱུན་སྐྱོང་མུ་མཐུད་གནང་དགོས་པ་བཅས་ཀྱི་བཀའ་སློབ་ལྷུག་པོ་སྩལ། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་གི་བཀའ་བློན་རྣམས་ནས་ལྷན་ཁང་སོ་སོའི་ཕྱག་ལས་གནང་ཕྱོགས་སྐོར་རིན་པོ་ཆེར་སྙན་སྒྲོན་ཞུས་གནང་།
ཕྱི་ལོ་ ༢༠༡༨ ཟླ་ ༡༠ པར་འབྲས་ལྗོངས་སོག་གཡུང་དྲུང་གླིང་གི་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་དང་། ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་རྒན་སྨན་རིའི་དགེ་བཤེས་ཡེ་ཤེས་རྒྱ་མཚོ་གཉིས་ཀྱིས་འབྲས་ལྗོངས་སུ་གདན་ཞུས་ལྟར། སོག་གཡུང་དྲུང་གླིང་དགོན་གྱི་སེར་སྐྱ་ཡོངས་ལ་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཀྱི་ཆོ་ག་ལས་བྱུང་བའི་ཡུམ་ཆེན་མོ་ཤེས་རབ་བྱམས་མའི་བཀའ་དབང་བསྩལ་གནང་བ་དང་། དམིགས་བསལ་དད་ལྡན་མི་མང་རྣམས་ལ་བོན་གྱི་གཞི་མ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་བོན་ཁྲིད་ཡང་གནང་ཞིང་། དེ་རྗེས་སྦ་ཁིམ་༸དཔལ་གཤེན་བསྟན་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་སེར་སྐྱ་མི་མང་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེངྒེའི་ཚེ་སྒྲུབ་ཀྱི་བཀའ་དབང་གནང་། ཕྱི་ལོ་ ༢༠༡༩ དགུང་ལོ་ ༤༨ ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྨན་རིའི་གཞི་རིམ་སློབ་གཉེར་ཁང་གི་དགེ་སློབ་ལྔ་བཅུ་ཙམ་གྱི་ཆེད་དུ། བཞུགས་ཤག་དང་ཚོགས་ཁང་། མཆོད་ཁང་། གསོལ་ཐབས་ཁང་དང་། རྩེད་ཐང་བཅས་གསར་རྒྱག་གི་རྨང་གཞི་བཏིངས།
ཕྱི་ལོ་ ༢༠༡༩ ཟླ་ ༥ པ་ནས་ཟླ་བ་གསུམ་གྱི་རིང་རྒྱལ་སྤྱི་ལིག་མི་རྐྱའི་ (Ligmincha) བོན་ཚོགས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོན་ཚོགས་དུ་མས་གདན་ཞུས་ལྟར། ཨིན་ཡུལ་དང་། ཕ་རན་སི། པོ་ལན་ཌི། འཇར་མ་ནི། མེཀ་སི་ཁོ། ཨ་རི་བཅས་རྒྱལ་ཁབ་དྲུག་གི་ཚོགས་པ་མི་འདྲ་ཁག་དང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅོ་ལྔ་མ་ཟིན་ཙམ་གྱིས་ཞུ་དོན་ལ་གསན་བཞེས་དང་། དེར་འདུས་མི་མང་རྣམས་ལ་བཀའ་དབང་དང་འཆད་ཁྲིད་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད།
ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༣ ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ ༥༩ འཁོར་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར། མཛད་སྒོ་དེར་ཕེབས་པའི་སྐུ་མགྲོན་རྣམས་དང་མི་མང་སློབ་ཕྲུག་ཡོངས་ལ་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་གྱི་དབང་དུ་མ་སོང་བར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དགོས་སྐོར་དང་། དམིགས་བསལ་སློབ་ཕྲུག་རྣམས་ལ་ཁྱེད་རང་ཚོ་མ་འོངས་བོད་མིའི་སོན་རྩ་ཡིན་སྟབས་སློབ་སྦྱོང་འཐུས་ཤོར་མ་སོང་བ་བྱ་དགོས་དང། འཛམ་གླིང་སྤྱི་ཡི་འགྱུར་འགྲོས་དང་བསྟུན་ནས་ཉམས་མྱོང་གི་ཤེས་ཡོན་དགོས་རྒྱུ་གལ་ཆེ་ཚུལ་གྱི་བཀའ་སློབ་བསྩལ།
ཕྱི་ཟླ་ ༡༢ ནང་རྒྱལ་སྤྱིའི་ཧི་མཱ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་བླ་མ་ཨ་དཀར་བ་རིན་པོ་ཆེས་རྒྱལ་སྤྱིའི་ཧི་མཱ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་དབུ་བརྙེས་ནས་མི་ལོ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོར་གདན་ཞུས་ལྟར། ཕྱི་ཚེས་ ༡༠ ཉིན་ཐེ་ལན་ཌའི་རྒྱལ་ས་བྷན་ཀོག་ཏུ་རྒྱལ་སྤྱིའི་ཧི་མཱ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་སློབ་མ་དྲུག་བརྒྱ་ཙམ་ལ་ཤེས་རབ་སྨྲ་བའི་སེང་གེའི་དབང་ཁྲིད་དང་ཚེ་སྒྲུབ་གཡུང་དྲུང་ཚེ་དཔག་མེད་ཀྱི་དབང་ཆོག་སྦྲག་མའི་སྒོ་ནས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེངྒེའི་བཀའ་དབང་ཟབ་རྒྱས་བསྐུར་བ་དང་། དབང་དམ་དང་འབྲེལ་བའི་བླང་དོར་གྱི་བཀའ་སློབ་གནད་སྨིན་བཀའ་དྲིན་བསྩལ་གནང་མཛད་ཅིང་གསར་ཞུགས་ཀྱི་སློབ་མ་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཙམ་ལ་ཕྱི་ནང་བོན་གྱི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་བཀའ་དྲིན་བསྩལ་གནང།
དགུང་ལོ་ ༤༩ ཐོག་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༤ པར་ཏོག་དབྱིབས་གཉན་རིམས་རྐྱེན་པས་བཟའ་བཅའ་དཀའ་ངལ་འཕྲད་བཞིན་པའི་ཉེ་འཁོར་ཁྱིམ་མཚེས་དུད་ཁྱིམ་བརྒྱ་མ་ཟིན་ཙམ་ལ་གྲོ་ཕྱེ་དང་འབྲས། སྣུམ། ཚྭ། ཞོག་ཁོག་སོགས་གནང་སྦྱིན་མཛད།
ཕྱི་ལོ་ ༢༠༢༡ དགུང་ལོ་ ༥༠ ཐོག་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་སྡེ་ཚན་གསར་འཛུགས་གནང་ནས་རིགས་གཅིག་རྐང་འཛིན་གྱི་སྒྲིག་གཞི་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡ པོར་ཐེངས་དང་པོའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་བསླབ་པ་མཐར་སོན་པའི་རིགས་གཅིག་རྐང་འཛིན་པ་སློབ་མ་ལྔ་ལ་ཕྱག་འཁྱེར་གནང་། ལོ་དེར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ཉན་གྱི་བསླབ་པ་མཐར་ཕྱིན་རྗེས་དངོས་གཞིའི་ཉམས་ལེན་གལ་གནད་ཆེན་པོར་གཟིགས་ཏེ་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེ་ཞེས་སྔོན་འགྲོ་འབུམ་དགུ་བསགས་སྦྱངས་དང་། དངོས་གཞི་སེམས་ཁྲིད། རྩ་རླུང་ཞག་བརྒྱ། མུན་མཚམས་ཞེ་དགུ་སོགས་ཉམས་ལེན་ཚུལ་བཞིན་གནང་སའི་སྒྲུབ་གྲྭའི་སྡེ་ཚན་བསྐྱར་གསོ་མཛད་གནང་། ད་བར་སྐབས་དང་པོའི་སྒྲུབ་ཐོན་པ་བཅོ་ལྔ་སློབ་མཐར་ཟིན་ཅིང་། སྐབས་གཉིས་པ་དང་གསུམ་པའི་སྒྲུབ་གྲྭ་བ་རྣམས་ཀྱིས་མུན་མཚམས་དང་བསགས་སྦྱངས་གནང་བཞིན་ཡོད།
ཕྱི་ཟླ་ ༡༢ ནང་འཛམ་གླིང་ཡོངས་ལ་ནད་ཡམས་དང་འབྱུང་བའི་འཇིག་པ་ཞི་བ༹འི་ཆེད་དུ་དོལ་པོ་བསམ་གླིང་དགོན་པའི་བླ་མ་ཡང་སྟོན་ཤེས་རབ་བསྟན་འཛིན་གཙོས་སྔགས་འཆང་བ་གྲངས་བརྒྱད་ཙམ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་གདན་ཞུས་དང་སྔགས་འཆང་དེ་རྣམས་ཀྱིས་ཉིན་ཉེར་བརྒྱད་རིང། སྟོན་པ་ཐུགས་རྗེ་ཅན་གྱིས་ཞང་ཞུང་གི་རྒྱལ་པོ་ཁྲི་སྡེ་ལྕགས་ཀྱི་བྱ་རུ་ཅན་ལ་བརྒྱུད་དེ་རིམ་བཞིན་ཚེ་སྤུངས་ཟླ་བ་རྒྱལ་མཚན་ཡན་དགོངས་པ་བརྡ་བརྒྱུད་དང་། ཚེ་སྤུངས་ཟླ་བ་རྒྱལ་མཚན་ནས་བཤད་བརྒྱུད་དུ་ཡོང་བའི་གེ་ཁོད་གསང་བ་དྲག་ཆེན་དབལ་ཤེལ་རྒྱུང་དཀར་པོ་ཛྭོ་དམར་གླང་ཆེན་འགྱིང་བའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་མཚམས་བཅད་བསྙེན་ཚད་གསོག་སྒྲུབ་བྱས་ཤིང་། དབལ་ཆུ་ཞེས་ལས་མཐའ་དབལ་ཆུའི་ཁྱུང་ཚང་བསྟོད་པ། ཁྱུང་སྒོང་ལེན་པ། བལ་ཐག་ལ་སྟ་ཚན་འདྲེན་པ། དབལ་རྡོ་འགྱེད་པ། དབལ་མཚོས་ཁྲུས་གསོལ་བཅས་ཀྱི་ཞབས་རིམ་གནད་ལ་སྨིན་པ་བསྒྲུབས་མཛད།
ཕྱི་ལོ་ ༢༠༢༢ དགུང་ལོ་ ༥༡ ཐོག་ཟླ་ ༤ ཚེས་ ༦ ཉིན་བལ་ཡུལ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཆེད་ཕེབས་ཀྱིས་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྐུ་མདུན་ནས་བླ་མེད་རྫོགས་པ་ཆེན་པོའི་ལྟ་བའི་སྐོར་ཀྱི་ངོ་སྤྲོད་གསལ་འདེབས་དང་། སེམས་ཁྲིད། ཨ་དཀར་ཞི་གཅོད་ཀྱི་ལུང་། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་མན་ངག་གནད་དོན་བཞི་པ་བཅས་ཀྱི་ལུང་ཞུས། དེ་མཚམས་རིན་པོ་ཆེ་རྣམ་གཉིས་ཀྱིས་མ་འོངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་བཀའ་མོལ་ལྷུག་པོར་གནང།
ཕྱི་ལོ་ ༢༠༢༣ དགུང་ལོ་ ༥༢ ཐོག་འབྲས་ལྗོངས་གཡང་སྒང་སོག་གཡུང་དྲུང་གླིང་བོན་དགོན་ཕྱག་བཏབ་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་དུས་ཆེན་གྱི་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུའི་ཇི་ལྟར་གསོལ་བ་བཏབ་པ་བཞིན། འབྲས་ལྗོངས་དུ་ཕེབས་ཞོར་དེའི་ཉེ་འདབས་སུ་ཡོད་པའི་ས་གནས་སི་ལི་གུ་རིའི་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་ཆེད་ཕེབས་ཀྱིས་དགེ་ལས་སློབ་ཕྲུག་རྣམས་ལ་མཇལ་ཁ་བསྩལ་ཞིང་། སློབ་གྲྭའི་ཚོགས་ཁང་དང་། འཛིན་ཁང་། སློབ་ཕྲུག་ཉལ་ཁང་སོགས་ལ་རབ་གནས་མཛད། དེ་ནས་སོག་གཡུང་དྲུང་གླིང་དུ་ཕེབས་ནས་སྣང་སྲིད་ཞི་བའི་སྦྱིན་སྲེག་དང་། དེར་འདུས་སེར་སྐྱ་ཡོངས་ལ་ཚེ་དབང་བྱ་རི་མའི་བཀའ་དབང་བསྩལ། དེ་རྗེས་འབྲས་ལྗོངས་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དུ་ཆིབས་བསྒྱུར་གྱིས་དེར་འདུས་སེར་སྐྱ་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ་གནང་བཅས་མཛད།
ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡༢ ནང་བལ་ཡུལ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་བསྐྱར་དུ་ཆེད་ཕེབས་ཀྱིས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་མདུན་ནས་ལུང་འོད་ཟེར་དཔག་མེད་ཀྱི་ལྗགས་ལུང་དང་རྫོགས་ཆེན་གྱི་ཁྲིད་ལུང་འགའ་ཞིག་གསལ་འདེབས་ཀྱི་ཚུལ་དུ་ཞུས་གནང་མཛད་ཅིང་། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་ལྷན་དུ་མ་འོངས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཇི་དགེའི་བཀའ་གྲོས་ལྷུག་པོར་གནང་། ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་གསོལ་བ་བཏབ་པ་བཞིན་རིན་པོ་ཆེ་མཆོག་གིས་དེར་འདུས་སེར་སྐྱ་ཡོངས་ལ་ཚེ་དབང་བྱ་རི་མའི་བཀའ་དབང་བསྩལ་གནང་མཛད། དེ་ནས་ཡོལ་མོའི་ས་གནས་ནུ་ཝ་ཀོཊ་ཀྱི་དད་ལྡན་མི་མང་རྣམས་ཀྱིས་གདན་ཞུས་ལྟར། ༸སྐྱབས་རྗེ་མཆོག་ནས་ཡོལ་མོའི་བོན་དགོན་གསར་བཞེངས་ཀྱི་ས་ཕྱོགས་ལ་གཟིགས་ཞིབ་དང་རབ་གནས། དེ་བཞིན་མི་མང་རྣམས་ལ་བཀའ་སློབ་ལམ་སྟོན་བཅས་བསྩལ་གནང་མཛད། སྐབས་དེར་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་གནས་མཆོག་ལུམྦི་ནཱིར་ཆིབས་བསྒྱུར་བསྐྱངས། གནས་དེར་གསར་བཞེངས་གནང་བའི་དགོན་པའི་རབ་གནས་ཆེད་དུ་དགོན་པ་དེའི་མཁན་པོ་ཆོས་ཀྱི་ཉི་མ་མཆོག་གིས་གདན་ཞུས་ལྟར་དེར་ཕེབས་པ་དང་། དེ་རྗེས་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་གནས་མཆོག་དེར་གནས་སྐོར་དང་མཎྜལ་ཡན་ལག་བདུན་པ་དང་། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་གཞུང་སོགས་གསུངས་ནས་ཡངས་པའི་འཇིག་རྟེན་གྱི་ཁམས་སུ་ནད་མུག་འཁྲུག་རྩོད་དང་འབྱུང་བའི་འཇིག་པ་ཐམས་ཅད་རྨེག་མེད་དུ་ཞི་བའི་ཐུགས་སྨོན་རྒྱ་ཆེར་གནང། དེ་ནས་ཀུན་གྲོལ་སྐུ་ཕྲེང་བདུན་པ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་མཆོག་གིས་གདན་ཞུས་ལྟར། བལ་ཡུལ་གྲོང་ཁྱེར་པོཁ་རའི་ཉེ་འགྲམ་དུ་ཡོད་པའི་ས་གནས་ཀ་ལ་སྦང་དུ་སྟོན་པའི་སྐུ་འདྲ་བཞེངས་སྐྲུན་གནང་སར་རབ་གནས་དང་ཡུལ་མི་རྣམས་ལ་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ། དེ་ནས་དཔལ་གཤེན་བསྟན་སྨན་རིའི་དགེ་བཤེས་བསོད་ནམས་རྒྱལ་མཚན་མཆོག་གིས་གདན་ཞུས་ལྟར། ཧི་མཱ་ལ་ཡའི་བུ་ཁྱིམ་ཁང་ལ་རབ་གནས་དང་སློབ་མ་རྣམས་ལ་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་དང་། དམུ་བསུ་སྟངས་ཤེས་ཡོན་དང་རིག་གཞུང་ཚོགས་པའི་ས་ཆར་རབ་གནས་བཅས་མཛད།
དགུང་ལོ་ ༥༣ བཞེས་པའི་ཐོག་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དམིགས་བསལ་མཇལ་བཅར་ཞུས་ཤིང་། ༸གོང་ས་མཆོག་ལ་མཎྜལ་རྟེན་དོད་དུ་སྐུ་རྟེན་དུ་བསྟན་པའི་གཙོ་བོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ལོངས་སྤྱོད་རྫོགས་པའི་སྐུ་བརྙན་དང་། གསུང་རྟེན་དུ་སངས་རྒྱས་གཤེན་རབ་མི་བོའི་བཀའ་ཀླུ་འབུམ་དཀར་ནག་ཁྲ་བོའི་གསུང་པོད་གསུམ་དང། ཐུགས་རྟེན་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཅས་ཕུལ་ཏེ་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཐུགས་སྨོན་གསོལ་འདེབས་དང་ཆབས་ཅིག རིན་པོ་ཆེ་མཆོག་རྒྱལ་བ་སྨན་རི་བའི་གསེར་ཁྲིར་ཕེབས་ནས་ལོ་ངོ་དྲུག་རིང་བསྟན་འགྲོའི་དོན་དུ་བསྐྱངས་པའི་མཛད་འཕྲིན་གཙོ་བོ་ཁག་འཁོད་པའི་ལས་བསྡོམས་སྙིང་བསྡུས་དང་། མ་འོངས་མཛད་འཆར་བཅས་གསེར་སྙན་དུ་སྒྲོན་འབུལ་ཞུས་གནང་། ༸གོང་ས་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་བོན་པོ་རྣམས་ཀྱིས་ད་བར་ལངས་ཕྱོགས་བརྟན་པོའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བར་བསྔགས་བརྗོད་དང་། དགོན་པའི་ནང་སྔར་བཞིན་གཞུང་ཆེན་ཁག་མུ་མཐུད་སློབ་གཉེར་གནང་གི་ཡོད་མེད་སྐོར་བཀའ་འདྲི་ཕེབས་སྐབས། ༸སྐྱབས་རྗེ་མཆོག་གིས་ཀྱང་གཞུང་མདོ་སྔགས་སེམས་གསུམ་ལ་སློབ་ཁྲིད་དང་འཆད་ཉན་སྒོམ་སྒྲུབ་སྔར་བཞིན་བྱེད་མུས་ཡོད་སྐོར་ཞུས་པར་༸གོང་ས་མཆོག་གིས་སླད་ནས་ཀྱང་གཞུང་ཆེན་ཁག་ལ་ཐོས་བསམ་འཆད་ཉན་བྱ་རྒྱུ་དེ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་སྐོར་ཐུགས་བརྩེའི་བཀའ་སློབ་བསྩལ་ཞིང་ཕན་ཚུན་ཐུགས་སྨོན་མཚམས་སྦྱར་བཅས་མཛད།
༸རྒྱལ་བ་སྨན་རི་བའི་མཁན་རབས་རིམ་པའི་སྐུ་དུས་སུ་སྨན་རིའི་སྒྲུབ་ཆེན་ཞེས་ཞི་ཁྲོ་རྒྱས་འབྲིང་བསྡུས་གསུམ་གྱི་བོན་སྐོར་ལས། ཞི་ཁྲོ་རྒྱས་པ་མཐར་རྫོགས་སུ་སྒྲུབ་པའི་ཆ་ལག་ཏུ། ཡན་ལག་འཕྱོང་དགུའི་ནང་ནས་འོད་ཟེར་འཁྱིལ་བ་སྨན་གྱི་འཕྱོང་ཆེན་སྦྱར་བའི་ཞི་ཁྲོ་སྨན་གསུམ་ཟུང་འབྲེལ་སྨན་གྱི་སྒྲུབ་ཆེན་འཚོགས་སྲོལ་ཡོད་པ་བཞིན། རིན་པོ་ཆེའི་སྐུ་ཐོག་སྨན་རིའི་སྒྲུབ་ཆེན་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༡ ནས་ ༢༧ བར་ཉིན་གྲངས་ ༡༧ རིང་བཙུགས་གནང་བས་འཛམ་གླིང་ས་ཕྱོགས་གང་ས་ནས་བོན་འབངས་སྟོང་ཕྲག་མང་པོ་འདུས་ཤིང་། རིན་པོ་ཆེ་མཆོག་ནས་འདུས་ཚོགས་ཡོངས་ལ་རྣམ་ཀློང་གཉིས་དང་། ཞི་ཁྲོ་སྨན་གསུམ་གྱི་བཀའ་དབང་དང་། ཞི་ཁྲོ་སྨན་གསུམ་གྱི་དཔེ་ལུང་དང་བོན་འཁོར་ཚིག་བཞིའི་བཀའ་ཁྲིད་བཀའ་དྲིན་བསྩལ་གནང་མཛད། དད་ལྡན་སྦྱིན་བདག་ཡོངས་ལ་ཐུགས་རྗེ་ལེགས་འབུལ་གྱིས་ཕྱག་འཁྱེར་དང་སྨན་སྦྱིན་གསོལ་བསྩལ་མཛད། སྒྲུབ་ཆེན་དབུ་འཛུགས་ཉིན་དང་པོར་མེ་ཏོག་གི་ཆར་སིལ་བབ་པ་དང་། མཇུག་གྲུབ་པའི་ཉིན་མེ་ཏོག་གི་ཆར་དང་འཇའ་ཚོན་གྱིས་གུར་ཕུབ་པ་བཅས་བཀྲ་ཤིས་པའི་རྟགས་མཚན་མང་པོ་བྱུང་། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༤ ཚེས་ ༡༨ དང་ ༡༩ ཉིན་གཉིས་རིང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་རྒྱལ་སྤྱིའི་ཞང་ཞུང་དང་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་སྐོར་ལ་བགྲོ་གླེང་གནང་སྐབས་ཚོགས་འདུའི་མཛད་སྒོར་ཆེད་ཕེབས་ཀྱིས་གདན་ཞུས་མཁས་དབང་རྣམས་ལ་ཐུགས་དགྱེས་ཆེན་པོས་དེང་དུས་དང་མཐུན་པའི་ཚན་རིག་བགྲོ་གླེང་སོགས་གལ་ཆེན་ཡིན་ཚུལ་དང་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་བཀའ་སློབ་ལམ་སྟོན་གནང་།
ཕྱི་ལོ་ ༢༠༢༤ ཟླ་ ༩ པར་ལ་དྭགས་དཔལ་གཤེན་བསྟན་གཡུང་དྲུང་ལྷ་རྩེ་དགོན་གྱི་མཁན་པོ་དགེ་བཤེས་ལུང་རིགས་ཉི་མ་མཆོག་གིས་གདན་ཞུས་ལྟར། ཕྱི་ཚེས་ ༣ ནས་ ༥ བར་མཁན་པོ་ཁོང་གིས་ཕྱག་བཏབ་གནང་བའི་གཡུང་དྲུང་ལྷ་རྩེ་དགོན་གྱི་དབུ་འབྱེད་གནང་བ་དང། དགོན་པའི་རྟེན་དང་བརྟེན་པ་བཅས་ལ་མངའ་དབུལ་བཀྲ་ཤིས་གཏེར་མཛོད་དང་། ཆུ་གཏོར་རྩིས་འགོ་བདུན་པ་སྦྲག་མའི་སྒོ་ནས་རབ་གནས་གནང་ཞིང་། དེར་འདུས་སེར་སྐྱ་མི་མང་ཡོངས་ལ་ཚེ་དབང་བྱ་རི་མའི་བཀའ་དབང་དང་། སྙིང་པོ་རྣམ་གསུམ་གྱི་ཁྲིད་ལུང་བྱིན་རླབས་ཀྱི་བཀའ་དྲིན་བསྐྱངས། ཕྱི་ཟླ་ ༩ ཚེས་ ༡༧ ཉིན་གློ་སྨན་ཐང་ཤེས་ཡོན་དང་རིག་གཞུང་ཚོགས་པའི་དབུ་འཛིན་དགེ་བཤེས་བསོད་ནམས་རྒྱལ་མཚན་ནས་གདན་ཞུས་ལྟར། བལ་པོའི་མངའ་ཁོངས་གློ་ཡུལ་སྦི་ལིང་དུ་གསར་དུ་ཕྱག་བཏབ་གནང་བའི་དཔལ་གཤེན་བསྟན་མཐའ་རྒྱས་གླིང་དགོན་པའི་དབུ་འབྱེད་གནང་བ་དང་། རྣམ་ཀློང་གཉིས་ཀྱི་སྒོ་ནས་རབ་གནས་རྒྱས་པ་གནང་ཞིང་། དེར་འདུས་སེར་སྐྱ་ཡོངས་ལ་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཀྱི་བཀའ་དབང་བསྩལ། དེ་ནས་གློ་བོ་ཆུ་མིག་བརྒྱ་རྩའི་གནས་ཆེན་ལ་གནས་མཇལ་ཏུ་ཕེབས།
ཕྱི་ཟླ་ ༩ ཚེས་ ༢༠ ཉིན་སྨན་རིའི་དགེ་བཤེས་ཞུ་བླ་གཡུང་དྲུང་རྒྱལ་མཚན་མཆོག་གཙོས་ཀླུ་བྲག་གི་དད་ལྡན་བོན་འབངས་རྣམས་ཀྱིས་གདན་ཞུས་ལྟར། ཡང་སྟོན་ཆེན་པོ་འགྲོ་མགོན་ཀླུ་བྲག་པ་བཀྲ་ཤིས་རྒྱལ་མཚན་གྱི་གདན་ས་ཀླུ་བྲག་དགོན་གཡུང་དྲུང་ཕུན་ཚོགས་གླིང་དུ་ཕེབས་ནས་དེར་འདུས་སེར་སྐྱ་ཡོངས་ལ་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་གནང་ཞིང་། བླ་མ་ཡང་སྟོན་གྱི་ཉམས་ལེན་གནང་སའི་སྒོམ་ཕུག་དགོན་དང་། མཚམས་ཁང་ཉམས་ལེན་ཕུག་པ་བཅས་ལ་གནས་མཇལ་ཕེབས། ཕྱི་ཟླ་ ༩ ཚེས་ ༢༡ ཉིན་རྫོང་གསར་པའི་བོན་དགོན་གཡུང་དྲུང་ཀུན་གྲགས་གླིང་དུ་གདན་ཞུས་ལྟར་ཕེབས་ནས་དགོན་བདག་ནང་མིས་མཎྜལ་བརྟན་བཞུགས་འབུལ་བར་རིན་པོ་ཆེས་ཐུགས་སྨོན་དང་། དེར་འདུས་བོན་འབངས་རྣམས་ལ་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་གནང། དེ་རྗེས་དགེ་བཤེས་བསྟན་འཛིན་རྒྱལ་པོ་མཆོག་གིས་སུམ་པའི་གཡུང་དྲུང་བོན་དགོན་དུ་གདན་ཞུས་ལྟར། དེར་ཕེབས་ནས་དགོན་པའི་ནང་རྟེན་ཞལ་མཇལ་གྱིས་བཀྲ་ཤིས་གསོལ་ཞིང་ཐུགས་སྨོན་གནང། དེ་ནས་སྨན་རིའི་དགོན་གྱི་གྲྭ་བླ་མ་མ་གཏམ་རྒྱལ་མཚན་གྱིས་རྣ་རུ་ཁྱུང་རྫོང་བོན་དགོན་དུ་གདན་ཞུས་ལྟར། དེར་འདུས་སེར་སྐྱ་ཡོངས་ལ་ཚེ་དབང་བྱ་རི་མའི་བཀའ་དབང་བསྩལ་གནང་བ་བཅས་ཀྱི་མཛད་རྣམ་བསྡུས་སུ།། །།
