འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག
༄༅། །འབྲི་གུང་༸སྐྱབས་མགོན་ཆེ་ཚང་སྐུ་ཕྲེང་བདུན་པ། ཡབ་ཚ་རོང་བདུད་འདུལ་རྣམ་རྒྱལ་དང༌། ཡུམ་རགས་ཁ་ཤག་གི་སྲས་མོ་དབྱངས་ཅན་སྒྲོལ་དཀར་གཉིས་ཀྱི་སྲས་སུ། ལྷ་ས་ཚ་རོང་གཟིམ་ཤག་ཏུ་ཕྱི་ལོ་ ༡༩༤༦ མེ་ཁྱིའི་ཆོས་འཁོར་དུས་ཆེན་ཉིན་སྐུ་འཁྲུངས། དེའི་ཚེ་ཁྲི་ཚབ་བརྒྱད་ར་རིན་པོ་ཆེ་ནས་ཐུགས་ཁུར་འོག ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གཉིས་ནས། མེ་ཁྱི་ལོ་བའི་བྱིས་པ་གསུམ་བརྒྱ་ལྷག་གི་ཐོ་བཀོད་རྩད་གཅོད་ཀྱི་བྱ་བའི་ཁྲོད། རིམ་པར་ལྷ་བླར་ལུང་བརྟག་ཞུས་འབྲས་སུ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟགས་མཚན་ཅན་གྱི་སྤྲུལ་སྐུ་ལྔ་བྱུང་བའི་ལུང་བསྟན་བབས་པ་དང༌། སླར་ཡང་འཁྲུལ་མེད་བརྟག་དཔྱད་ཚགས་ཚུད་ཆེད་དམིགས་ཏེ། ཁྲི་ཚབ་ཉིད་ལྷ་མོའི་བླ་མཚོར་མཚོ་གཟིགས་སུ་ཕེབས་པའི་གཟིགས་སྣང་ལ། ཡུལ་ལྗོངས་ཆེ་ལ་མཛེས་པ་མཁར་ཐོག་ཉིས་བརྩེགས་ཀྱི་ཡང་སྟེང་དུ། རྒྱལ་མཚན་གྱི་རྩེར་མདའ་ཞིག་ལ་ཁྱི་ཕྲུག་ཞིག་བཏགས་ཤིང༌། མཁར་གྱི་མཐར་ལྕང་མའི་གླིང་ག་དང༌། ཕྱི་རོལ་ར་བས་བསྐོར་བའི་སྒོ་ཆེན་ཤར་གཏད་དུ་འགྲོ་ལམ་སྐྱ་ཤ་རེ་ཡོད་པ་གཟིགས། སླར་ཡང་ཐུགས་སྨོན་དང་འབྲེལ་ཡུལ་ཕྱོགས་དེ་གང་དུ་ཡིན་མིན་གཟིགས་སྐབས། ལྷ་ས་དཔལ་ལྷའི་མངའ་ཁོངས་སུ་ཡོད་ཅེས་པའི་ཡི་གེ་ཞིག་ཤར་བ་དང༌། དེ་བཞིན་གསེར་ཁང་ཆོས་རྗེར་བརྟག་སྒྲིལ་དང༌། ཨ་ཕྱིར་ཟན་སྒྲིལ། སྐུ་གོང་མའི་ཕྱག་ཕྲེང་ཆོས་ཆས་སོགས་ཀྱང་འཕྱུག་མེད་ངོས་འཛིན་ཐུབ་པ་སོགས། མ་གྲོས་རྟགས་མཚན་བཟང་པོ་རྩེ་མཐུན་དུ་བྱུང་ནའང༌། གཞི་རྩ་བོད་བསྟན་པ་ཆབ་སྲིད་ཀྱི་མངའ་བདག ༸གོང་༸ས་ལྷ་མིའི་རྣམ་འདྲེན་མཆོག་གི་ལུང་ཟིན་ཕྱག་རྟགས་དང་འབྲེལ་དགོས་སྟབས། འོས་སྒྲིལ་དང་སྙན་ཞུ་འབུལ་མི་མགྲོན་གཉེར་དཀོན་མཆོག་བསམ་གཏན་བསྐྱོད་པར། སྙན་ཞུ་གཅིག་སེར་མོ་བའི་སྤྱི་ཁྱབ་ཡིག་ཚང་དང༌། གཅིག་ཤོད་འགག གཅིག་སྐུ་སྒེར་ཡིག་ཚང་བརྒྱུད་༸རྒྱལ་དབང་མཆོག་ལ་ཕུལ་བས། བདུན་ཕྲག་གཅིག་མཚམས་འོས་གཞི་དང་པོའི་སྟེང་ཕྱག་རྟགས་བསྩལ་པར་བརྟེན།
དགུང་ལོ་གསུམ་ལ་སོན་ཕྱི་ལོ་ ༡༩༤༨ ས་བྱིའི་གཟའ་སྐར་དགེ་བའི་ཉིན་ཞིག་ལ། འབྲི་གུང་ཕྱག་མཛོད་དང༌། མགྲོན་གཉེར་གཉིས་ཚ་རོང་དུ་བཅར་ནས། ལྷ་བླའི་ཐུགས་དམ་དང་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཕྱག་རྟགས་ཀྱི་དགོངས་དོན་བཞིན། གཟིམ་ཤག་གི་སྲས་ཆུང་མེ་ཁྱིའི་དགུང་ལྡན་དེ་ཉིད། གུས་ཚོའི་༸སྐྱབས་མགོན་ཆེ་ཚང་ཞི་བའི་བློ་གྲོས་ཀྱི་ཡང་སྲིད་འཁྲུལ་བྲལ་ངེས་ན། གསོལ་རས་གནང་སྐྱོང་ཡོང་བ་དང་འབྲེལ། ཉིན་དེར་ན་བཟའ་སྒྲོན་འབུལ་གནང་ཆོག་པ་ཞུས་པ་ལྟར། དེ་ཉིན་སྔ་དྲོ་སྲས་ཆུང་ལ་མ་བསྒྲིགས་ལྷུན་གྲུབ་ལྟ་བུའི་སྤོ་རྨོ་དང༌། ཡབ་ཡུམ་བཅས་ནས་ནམ་རྒྱུན་མཛད་སྒོར་བཅར་སྐབས་ཀྱི་གྱོན་ཆས་ཚང་བཞེས་ཐོག ན་བཟའ་འབུལ་སྒྲོན་གྱི་མཛད་སྒོ་ཕུན་སུམ་ཚོགས་པ་བྱུང༌།
དགུང་གྲངས་ལྔ་པ་ཕྱི་ལོ་ ༡༩༥༠ ལྕགས་སྟག་ལོར། ཡབ་ཡུམ་སྐུ་འཁོར་དང་བཅས་པར་བསུ་བཀོད་གཟབ་རྒྱས་ངང༌སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དུ་ཞབས་སོར་འཁོད་དེ། ༸སྐྱབས་མགོན་ཆུང་ཚང་རིན་པོ་ཆེ་དང༌། ཁྲི་ཚབ་སོགས་ཐོག་མའི་མཇལ་འཕྲད་གནང༌། དེ་ལོར་ཆབ་མདོ་རྒྱ་འོག་ཏུ་ཤོར་བའི་དུས་ཟིང་གི་རྐྱེན་པས། ཟླ་བ་དྲུག་ཙམ་རྗེས་ཚ་རོང་ཞབས་པད་ཟླ་བཟང་དགྲ་འདུལ་ནས། ཡབ་ཡུམ་སྐུ་མཆེད་སོགས་རྒྱ་གར་ཀ་སྤུག་ཏུ་བཞུགས་ཡོད་སྟབས། གཉེན་འཕྲད་དང་གནས་མཇལ་སླད་གདན་ཞུའི་གསུང་འཕྲིན་འབྱོར་དོན་བཞིན། གསོལ་དཔོན་གཟིམ་འགག་སོགས་སྐུ་འཁོར་རྣམས་ལྷ་ས་བརྒྱུད་ཀ་སྤུག་ཏུ་ཟླ་བ་དགུ་ཙམ་བཞུགས།
དགུང་གྲངས་དྲུག་པ་ལྕགས་ཡོས་ཕྱི་ལོ་ ༡༩༥༡ ལོར་རྒྱ་གར་ནས་ཕྱིར་བྱོན་ཏེ་ལྷ་སར་ཕེབས་སྐབས། གཞུང་ཞབས་དང་འབྲི་གུང་པའི་ལས་སྣེ་སོགས་རྩེ་ཕོ་བྲང་དུ་བཅར་ནས། ༸རྒྱལ་མཆོག་བཅུ་བཞི་པའི་དྲུང་གཙུག་ཕུད་ཕུལ། དགུང་ལོ་བཅུ་གཅིག་པ་ཕྱི་ལོ་ ༡༩༥༦ སྤྲེལ་ལོའི་སྐབས་འབྲོང་ངུར་དུ་བཀའ་ཆོས་ཀྱི་ཐོག་མ་ཕོ་ལུང་གནང་བའི་ཚེ་མི་བཅུ་ཙམ་ལ་ཕོ་རྟགས་ཐོན་པ་དང༌། གྲུབ་རྒྱལ་མའི་ཚེ་དབང་བཅས་གནང༌།
དགུང་ལོ་བཅུ་གསུམ་པ་ཕྱི་ལོ་ ༡༩༥༨ ས་ཁྱིའི་ལོ་དེར་གདན་འཛིན་སོ་བདུན་པའི་སེང་ཁྲིར་མངའ་གསོལ་གྱི་མཛད་སྒོ་སྔར་སྲོལ་ལྟར་གནང༌། ཕྱི་ལོ་ ༡༩༥༩ ས་ཕག་ལོར་འབྲི་གུང་རྫོང་རྩེར། གུང་དམག་གིས་འདྲི་རྩད་བཀག་ཉར་དོ་དམ་འོག་བཞུགས་སྐབས། རྗེ་ཉིད་སྐུ་ན་ཕྲ་བའི་རྒྱུ་མཚན་ལ་བརྟེན་ནས་ཡོངས་འཛིན་བརྒྱད་རའི་བུ་ཚབ་ཏུ་ཉར་ཆོག་པའི་ཆོག་མཆན་ཐོབ་པ་ལྟར་ལྷ་སར་ཕེབས། ཀླུ་སྦུག་ཏུ་བཞུགས་སྐབས་ཟ་འབྲུའི་ལག་འཁྱེར་མེད་པར་བརྟེན། དེ་ཁུལ་བྱིས་པ་དང་མཉམ་དུ་རྐྱང་ཐང་ན་གའི་ཕྱོགས་སུ། དམག་མིའི་ཚལ་ཞིང་བསྡུས་ཤུལ་དུ་ཞོག་ཁོག་བསྒྲུགས་པ་དང༌། ལྕགས་པོ་རིའི་རྒྱབ་ཀྱི་ལྕང་སེང་དུ་ཤིང་འཐུ་བར་བསྐྱོད་སྐབས། པཎ་ཆེན་རིན་པོ་ཆེའི་གྲྭ་པ་ཁ་ཤས་ནས་གཏོར་མ་སྐམ་པོ་གཏད་པ་རྣམས། ཇ་དྭངས་ལ་སྦངས་ནས་མཆོད་དགོས་བྱུང་བ་དང༌། དགུང་ལོ་བཅོ་ལྔ་པ་ལྕགས་བྱི་ཕྱི་ལོ་ ༡༩༦༠ ལོར་སློབ་ཆུང་གཉིས་པར་འཛུལ་དུས། འཛིན་གྲྭ་དེར་སྐུ་ན་བགྲེས་གྲས་སུ་སླེབས་སྟབས། ཉིན་ལྟར་མཚན་ཕྱེད་བར་རང་སྦྱོང་ཧུར་ཐག་གནང་སྟེ། ལོ་རིམ་གཉིས་པ་དང་གསུམ་པར་ལོ་རེ་བཞུགས་སྐབས་སྦྱང་བརྩོན་གྱི་གྲུབ་འབྲས་ཡང་རྩེར་སོན་ནས། འཛིན་རིམ་བཞི་པར་བཞུགས་མི་དགོས་པར་ལོ་རིམ་པ་ལྔ་པ་དང་དྲུག་པར་ལོ་ཕྱེད་རེས་རྒྱུགས་སྤྲད་དེ། ཁྱོན་ལོ་གསུམ་ནང་ལོ་ལྔའི་སློབ་ཚན་མཐའ་དག་མཁྱེན་ཐུབ་པ་གནང༌།
དགུང་ལོ་ཉེར་གཅིག་པ་ཕྱི་ལོ་ ༡༩༦༦ མེ་རྟ་ལོར་རིག་གནས་གསར་བརྗེ་ཚུགས་ནས་སློབ་གྲྭ་མཚམས་འཇོག་གནང་དགོས་བྱུང་ཡང༌། སྐུ་ཉིད་སློབ་གྲྭའི་མ་ཆེན་དུ་ཚུད་ཙམ་བྱུང་སྟེ། ལྷ་སའི་ཤར་ཕྱོགས་ལ་མོའི་མདུན་ཐང་དུ་སློབ་གྲྭའི་ཞིང་ར་ཞིག་ཡོད་པ་དེར་ངལ་རྩོལ་བྱེད་པར་བཏང་བས་ཉེན་ཁའི་དྲག་འཐབ་དེ་ལས གཡོལ་ཐུབ་ཙམ་བྱུང༌། དགུང་ལོ་ཉེར་ལྔ་པ་ཕྱི་ལོ་ ༡༩༦༩ ས་བྱ་ལོར་མའོ་ཙེ་ཏུང་གིས། ཤེས་ཡོན་ཅན་ཚོའི་བར་དུ་བྱེ་མ་བསྲེ་དགོས། དེ་མིན་ཕན་ཚུན་འབྱར་འགྲོ་ཡི་རེད་ཅེས་བཤད་པ་ལྟར། རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མ་གྲོང་གསེབ་ཏུ་ངལ་རྩོལ་བྱེད་རྒྱུའི་ལས་འགུལ་སྤེལ་སྐབས། རྗེ་ཉིད་ལྷ་སའི་ནུབ་ཕྱོགས་སྟོད་ལུང་བདེ་ཆེན་རྫོང༌། མཐོང་དགའ་མི་དམངས་སྤྱི་ཁང་གྲོང་གསེབ་རུ་ཁག་དང་པོར་བཏང༌། དེར་ཡོད་ཞིང་པའི་འཚོ་གནས་བཞིན་ས་ཞིང་རྨོ་རྔ་དང༌། མེ་ཤིང་བཅད་སྒྲུབ། གསང་སྤྱོད་ལུད་འདོན་སོགས་གླ་ཕོགས་དང་པོའི་ཐོབ་ཆ་ལེན་ནུས་པའི་ལས་རིམ་ལ་ལོ་མང་རིང་བརྩོན་ཞིང༌། གྲལ་རིམ་དབྱེ་འབྱེད་ཀྱི་སྲིད་བྱུས་འོག་སློབ་གྲོགས་མང་ཆེ་བར་རང་འདོད་ལྟར་ལས་བགོས་བྱས་ཟིན།
དགུང་ལོ་ཉེར་དགུ་པ་ཕྱི་ལོ་ ༡༩༧༣ ཆུ་གླང་ལོར་ཆུ་ཤུར་ཆུས་སུ་ལས་བགོས་བྱས་ཀྱང༌ཟླ་རེར་གླ་ཕོགས་སྒོར་ཉེར་བརྒྱད་ལས་མེད་ཐོག ཕྱག་ལས་ངལ་དུབ་ཀྱི་ཁོར་ཡུག་ནང༌། མགོན་པོ་གང་གི་སྐུ་ཚེའི་མདུན་ལམ་དང༌། དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་ཉག་ཕྲའི་བསྟན་པ་དེ་ཉིད་སླར་གསོའི་ཐུགས་མདུན་ལྟར། རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་རྒྱུའི་ཐུགས་ཐག་གཙང་བཅད་གནང༌། དགུང་ལོ་སོ་གཅིག་པ་ཤིང་ཡོས་ཕྱི་ལོ་ ༡༩༧༥ ཟླ་ ༤ ཚེས་ ༢༨ ཉིན་ལྷ་ས་ནས་ཐོན་ཏེ། དིང་རི་བརྒྱུད་ཁམ་བུ་གངས་ལར་འབྱོར་སྐབས། མི་ཧྲེང་གཉིས་སྔོན་དུ་འགྲོ་བར་ཡིབ་བཞིན་ཐུགས་དཔྱད་མཛད་པ་ན། དོགས་མེད་དུ་གཟིགས་ཏེ་མཉམ་ཕེབས་གནང་བའི་ཚེ། གངས་རིའི་འགག་སྒོར་འཁྱག་གས་ཀྱི་སྲུབས་ཁ་ཆེ་ཞིང་བསྐོར་ཡུལ་མེད་པ་ཁག་ལ། ཁོང་གཉིས་ནས་རྒྱུས་ཡོད་ལྟ་བུས་གངས་འོག་ནས་པང་ལེབ་བཏོན་པ་དེའི་ཟམ་པ་བཙུགས་ཏེ་ཕེབས། ཕྱི་ཉིན་ནས་སྐུ་རྐྱང་བདུན་ཕྲག་གཅིག་རིང་ཞབས་འགྲུལ་གྱིས་ཕེབས་པའི་ཚེ། ཀ་ཐ་མན་ཌུ་ཞེས་འདྲི་གིན་ཞག་བརྒྱད་ཙམ་བསྐྱོད་རྗེས་རླངས་འཁོར་གྱི་ལམ་དང་འཕྲད། དེ་ནས་སྤྱི་སྤྱོད་རླངས་འཁོར་ནང་བཞུགས་ཏེ་བལ་ཡུལ་གྱི་རྒྱལ་སར་འབྱོར། དེ་རྗེས་མེ་འཁོར་བརྒྱུད་དྷ་སར་ཕེབས། སྐུ་ཡི་གཅེན་པོ་ཚ་རོང་འཇིགས་མེད་སར་ཟླ་བ་གཅིག་རིང་བཞུགས་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཡང་ཡང་གནང་ཞིང་གསུང་མོལ་ཞིབ་རྒྱས་ཕུལ།
དེ་ལོའི་ཕྱི་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་ལྡི་ལི་ནས་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས། རང་གཞུང་ཆོས་དོན་ལྷན་ཁང་ནས་པ་ཋན་ཀོ་ཀྲེར་ཕེབས་འཁོར་གཅིག་དང༌། རང་ཁོངས་ནས་ཆིབས་འཁོར་ཕེབས་བསུ་གང་རྒྱས་བཅས། གངས་སྐྱིད་སྣེ་ལེན་ཁང་དུ་འཁོད་དེ། གཞུང་ནས་གསོལ་ཇ་བཞེས་འབྲས་དང་འབྲེལ། ཆོས་ཤེས་བཀའ་བློན། སྤྱི་འཐུས་ཚོགས་གཙོ་སོ་སོས་མཇལ་དར་དང་རྟེན་དོད་ཕུལ། བླ་སྤྲུལ་དང༌། གྲྭ་ཚང་ཁག་གི་འཐུས་མི། ལས་ཞབས་བཅས་ནས་མཇལ་ཁ་ཞུས། དེ་འཕྲལ་བཀའ་འབྲེལ་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཇལ་བཅར་དུ་ཕེབས། ཚེས་བཅུ་དྲུག་སྔ་དྲོར་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་ཉིད་དང༌། ཆོས་རྗེ་རྟོགས་ལྡན་རིན་པོ་ཆེ་རྣམ་གཉིས་ནས་སྤོས་སྣེ་དང་བཅས། ༸གོང་ས༸་ལྷ་མའི་རྣམ་འདྲེན་ཕོ་བྲང་ཚོམས་ཆེན་གྱི་བཞུགས་ཁྲིར་ཞབས་སོར་འཁོད་རྗེས། ༸གོང་༸ས་མཆོག་བསྟན་འགྲོ་སྤྱི་བྱེའི་མགོན་དཔུང་དུ་སྐུ་ཚེ་ཚེ་ལྷའི་ངོ་བོར་བརྟན་ཅིང༌། མཛད་འཕྲིན་ཐུགས་བཞེད་ལྷུན་གྱིས་འགྲུབ་སླད། འབྲི་ལུགས་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་ཞབས་བརྟན་ཕུལ། ཚེས་བཅུ་བདུན་སྔ་དྲོར་བཀའ་འབྲེལ་ཕོ་བྲང་དུ། ༸གོང་༸ས་མཆོག་མཇལ་བཅར་སྐབས་དར་དཀར་ནང་མཛོད་དང༌། རྗེ་བཙུན་མི་ལའི་སྐུ་བརྙན། དྭགས་པོ་མཐར་རྒྱན་བཅས་གསོལ་རས་དང་འབྲེལ། གནང་སྒོ་མཐའ་དག་གི་ལམ་སྟོན་བཀའ་སློབ་བླ་ལྷག་ཏུ་བསྩལ།
དེ་འཕྲལ་གངས་སྐྱིད་ཕེབས་སྒྲིག་ཁང་དུ་ནང་མའི་རྟེན་འབྲེལ་མངའ་གསོལ་གྱི་ཆོས་ཁྲིར་འཁོད་མཚམས། དད་འདུས་ཡོངས་ནས་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་ཅིང༌། མཛད་འཕྲིན་ཐུགས་བཞེད་བཞིན་འགྲུབ་པའི་སླད་དུ། ཡང་ཟབ་རྩ་གསུམ་ལས་བྱང་གི་ཚིགས་མཚམས་དང་བསྟུན། ཆོས་ཤེས་བཀའ་བློན་ནས་གཞུང་ཞབས་ཀྱི་རྟེན་གསུམ་དང༌། སྤྱི་འཐུས་ཚོགས་གཙོ་ནས་གཞིས་བྱེས་བོད་མི་མང་གི་རྟེན་གསུམ། ཆོས་ལུགས་སོ་སོའི་སྤྱི་འཐུས། ལ་དྭགས་དགོན་ཁག་གི་བླ་འཐུས། འབྲི་གུང་བླ་བྲང་གི་མགྲོན་གཉེར་བཅས་སོ་སོས་རྟེན་གསུམ་རིམ་འདེགས་དང༌། མི་མང་ལ་མཇལ་ཁ་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་རྗེས་ཕྱིས་ཉིན་ལྡི་ལིིར་ཕྱིར་སྐྱོད་བསྐྱངས།
དེ་རྗེས་ཨ་རིར་མ་ཡུམ་ཐུག་འཕྲད་དུ་སྐྱོད་དེ། དེར་ལོ་གསུམ་ཙམ་བཞུགས་རྒྱུན་རིང་ཨིན་ཡིག་དང༌། དེ་ཁུལ་དཔེ་མཛོད་སོགས་སུ་བོད་ཀྱི་རྒྱལ་རབས། བཀའ་བརྒྱུད་སྤྱི་བྱེའི་ཆོས་འབྱུང་སོགས་ལ་ཐུགས་བརྩོན་ཕུལ་དུ་ཕྱིན་པ་གནང༌། དགུང་ལོ་སོ་གསུམ་པ་ས་རྟ་ཕྱི་ལོ་ ༡༩༧༨ ལོའི་ཟླ་བ་དགུ་པའི་ཚེས་ལྔར་ལྡི་ལིའི་གནམ་ཐང་དུ་ཕེབས་སྐབས། བོད་གཞུང་ལྡི་ལིའི་དོན་གཅོད། རྒྱ་གར་གྲོས་ཚོཌ་ཀྱི་འཐུས་མི་སོཌ་ཕེབས་བསུར་བཅར། ཚེས་དགུའི་ཉིན་ལྡི་ལི་ནས་མེ་འཁོར་བརྒྱུད། ཕྱིས་ཉིན་པ་ཋན་ཀོ་ཀྲེར་རང་གཞུང་ནས་ཕེབས་བསུར་འཇིབ་འཁོར་གཏོང་གནང་བཞིན། གངས་སྐྱིད་དུ་ཆོས་དོན་དྲུང་ཆེའི་འཚམས་ཞུ་མཇལ་དར་དང་བཅས། དཔལ་འབྱོར་མགྲོན་ཁང་དུ་ཞབས་སོར་འཁོད། ཚེས་བཅུ་གཅིག་ཉིན་ལྷ་བཅས་སྲིད་ཞིའི་གཙུག་རྒྱན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཇལ་བཅར་ཞུས། ཚེས་བཅུ་གསུམ་གཟའ་སྐར་མཆོག་ཏུ་དགེ་བའི་ཉིན། ༸གོང་༸ས་བཅུ་བཞི་པ་ཆེན་པོ་མཆོག་ནས་མཁན་པོ་མཛད་དེ། ཁ་སྐོང་གྲངས་ཚང་གི་དབུས་སུ་དགེ་ཚུལ་གྱི་བསླབ་ཚིགས་བཞེས།
ཟླ་ ༡༠ པའི་ནང་གཡུང་དྲུང་ཐར་པ་གླིང་དུ། ལ་ཕྱིའི་རྡོར་འཛིན་གྲུབ་དབང་ཁྱུང་དགའ་རིན་པོ་ཆེའི་དྲུང་དུ། འགྲོ་མགོན་བཀའ་བརྒྱུད་པའི་ལམ་ཟབ་ཕྱག་ཆེན་ལྔ་ལྡན་དང༌། ནཱ་རོ་ཆོས་དྲུག་གི་ཉམས་ལེན་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་དང་བསྟུན། ཁོང་ལ་མངའ་བའི་དབང་ལུང་ཁྲིད་གསུམ་གྱི་གདམས་ངག་མཐའ་དག གསན་བསམ་སྒོམ་གསུམ་སྤེལ་མར་མཛད་དེ། སྙིང་པོ་དོན་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་རླབས་ཆེན་གྱི་བྱ་བ་བདག་གིར་མཛད། དགུང་ལོ་སོ་བཞི་པ་ས་ལུག་ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༢༨ ཉིན་ཕྱི་དབང་དགོན་དུ་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་ཆེན་མོ་འབྲི་ཐེལ་འོག་མིན་བྱང་ཆུབ་གླིང་ཕྱག་བཏབ་ནས། མི་ལོ་བརྒྱད་བརྒྱ་འཁོར་བའི་མཛད་སྒོའི་གཙོ་སྐྱོང་གནང༌། དགུང་ལོ་སོ་དྲུག་པ་ཕྱི་ལོ་ ༡༩༨༡ ལྕཌ་བྱར་ཀརྨ་པ་རིག་པའི་རྡོ་རྗེའི་དྲུང༌། རྗེ་བཙུན་མི་ལའི་བཀའ་དབང་དང༌། ནཱ་རོ་ཆོས་དྲུག་སོགས་ཀྱི་ལུང་གསན།
དགུང་ལོ་སོ་བདུན་ཕྱི་ལོ་ ༡༩༨༡ ཟླ་ ༥ ནང་འབྲུག་པའི་ཐུགས་སྲས་རིན་པོ་ཆེའི་དྲུང༌འབྲུག་ལུགས་ནཱ་རོ་ཆོས་དྲུག་སོགས་ཞུས། ཕྱི་ལོ་ ༡༩༨༢ ཆུ་ཁྱི་ལོར་མཁན་ཆེན་ནོར་གཡང་དྲུང༌། དབུ་མའི་སྐོར་དང་རྒྱུད་བླ་མ། འབྲུག་ལུགས་ཕྱག་ཆེན་གྱི་སྐོར་སོགས་དང༌། ཟླ་བ་བཅུ་གཅིག་པའི་ནང་ཕུན་ཚོགས་གླིང་འབྲུག་རྒྱལ་པོའི་ཕོ་བྲང་དུ། དིལ་མགོ་མཁྱེན་བརྩེའི་དྲུང་ནས་གདམས་ངག་མཛོད་གསན། དགུང་ལོ་བཞི་བཅུ་པ་ཤིང་གླངཕྱི་ལོ་ ༡༩༨༥ མཆུ་ཟླར། སངས་རྒྱས་ཀྱི་བསྟན་པ་རྒྱུན་འཁྱོངས་ཡུན་གནས་ཀྱི་འགག་རྩ་ནི། བཤད་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་ཞིག་མ་བསྐྲུན་ཐབས་མེད་དགོངས་དབྱིངས་སུ་བཅངས་པ་བཞིན། བསྟན་སྲུང་ཨ་ཕྱིར་ཤོ་མོ་བརྟག་འབྲས་ཀྱི་དགོངས་དོན་ལྟར། རྒྱ་གར་བྱང་ཕྱོགས་ཡུའུ་པིའི་མངའ་སྡེའི་དྷེ་ར་དྷུན་ཀུལ་ལྷན་ས་གནས་སུ། བྱེས་ཀྱི་འབྲི་གདན་བྱང་ཆུབ་གླིང་ཐོག་མར་ཕྱག་འདེབས་པའི་ཚེ། ༸སྐྱབས་མགོན་ཉིད་སྐུ་མཚམས་ལས་གྲོལ་མ་ཐག་ཡིན་པའི་སྟེང༌། ཕྱོཌ་གང་སར་དབང་ལུང་མན་ངག་སོགས་ངོམ་པ་མེད་པར་གསན་བཞིན་པར་བརྟེན། ཧིན་སྒོར་ ༢༠༠༠ ཙམ་གྱི་རྟེན་གཞི་བྱས་ཏེ། དེ་མིན་འགྲོ་སོང་མཐའ་དག་བུན་གཡར་གནང་དགོས་བྱུང་བ་དང༌། སློབ་ཕྲུག་གི་འཚོ་བའང་ཟླ་རེའི་ལྟོ་དོད་རང་རང་ནས་བསྡུ་དགོས་པ་བྱུང༌། ཟླ་བ་དགུ་པར་འབྲས་ལྗོངས་རྒྱལ་པོའི་མཆོད་ཁང་དུ། སྟག་ལུང་ཞབས་དྲུང་རིན་པོ་ཆེའི་དྲུང་ནས་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་སྐོར་ཡོངས་རྫོགས་གསན། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གནས་མཆོག་རྡོ་རྗེ་གདན་དུ། འདུལ་འཛིན་བྱེ་བའི་གཙུག་རྒྱན་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོས་མཁན་སློབ་སྦྲགས་མ་མཛད་དེ། མངོན་གྱུར་བཅུ་ཚོགས་ཀྱི་དབུས་སུ། ༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་ཉིད་དང༌། རི་འབུར་རིན་པོ་ཆེ། མཚོ་སྣ་རིན་པོ་ཆེ་དང་ལྷན་དུ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས། བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། བཀའ་བརྒྱུད་པའི་སྐུ་ཚབ་ཀྱི་མཚན་ཐོག་ནས། དུས་འཁོར་དབང་ཆེན་ལ་བཅར་ཞུགས་གནང༌།
དགུང་ལོ་ཞེ་གཅིག་པ་ཕྱི་ལོ་ ༡༩༨༦ མེ་སྟག་ལོར་ཨོ་གླིང་ནས་ལྷོ་བྱང་ཨ་རི་སོགས་འཛམ་གླིང་ལ་ཆོས་འཁོར་བསྐོར་ཐེངས་དང་པོའི་མཛད་ཡུན་ཟླ་བ་བཅུ་ལྷག་འགོར་ཞིང༌། དེ་སྐབས་ཨེ་ཀྲ་ལི་ཨར་སི་སི་ཞེས་པའི་དགོན་ཆེན་དུ། འཛམ་གླིང་ལོ་རྒྱུས་ནང་ཡེ་ཤུ་བླ་ཆེན་ཐེངས་དང་པོར་ཕེབས་ནས། འཛམ་གླིང་ཆོས་ལུགས་ཆེན་པོ་བཅུ་གཉིས་ཀྱི་དབུ་འཛིན་རྣམས་གདན་ཞུས་ཀྱིས། འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོར། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་དང་ལྷན་དུ་ཚོགས་བཅར་ཞུས།དགུང་ལོ་ཞེ་གཉིས་པ་ཕྱི་ལོ་ ༡༩༨༧ མེ་ཡོས་ལོར་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དྲུང༌། རྒྱ་ཆེན་བཀའ་མཛོད་དང་གཏེར་མཛོད་ཀྱི་ཁ་སྐོང་སོགས་ཀྱི་དབང་ལུང༌། མར་ལུགས་རྔོག་གི་ཆོས་སྐོར། ཕྱག་ཆེན་རྒྱ་གཞུང་སྐོར་ཞུ་གནང་མཛད། ས་སྦྲུལ་ཕྱི་ལོ་ ༡༩༨༩ ནས་ ༡༩༩༠ ལོ་འགོའི་བར་ཤར་ལྷོ་ཨེ་ཤི་ཡའི་ཁུལ་དུ་ཆིབས་བསྒྱུར་བསྐྱངས།
དགུང་ལོ་ཞེ་བདུན་པ་ཕྱི་ལོ་ ༡༩༩༢ ཆུ་སྤྲེལ་ལོའི་ཚེས་ཉི་ཤུའི་ཕྱི་དྲོར་༸གོང་ས་རྒྱལ་དབང་བཅུ་བཞི་པ་ཆེན་པོ་འབྲི་གདན་བྱང་ཆུབ་གླིང་དུ་ཕེབས་སྐབས། བླ་སྤྲུལ་མཁན་ལས་དྲུག་བརྒྱ་ལྷག་དང༌། ཕྱོགས་མཐའི་མི་མང་ལྔ་སྟོང་བརྒལ་བས་སེར་སྦྲེངས་གཟབ་རྒྱས་ཐོག ཕེབས་ཊོར་ཞབས་འཁོད་གྲུབ་མཚམས། ༸སྐྱབས་མགོན་ཉི་ཟླ་ཟུང་འབྲེལ་ནས་མཇལ་དར་འབུལ་བཞེས་དང༌། སྤོས་སྣ་སྤྱན་རྒྱས་ཀྱི་ཕེབས་སྣེ་དྲངས་ཏེ། གཙུག་ལག་ཁང་གི་ཡང་སྟེང་ཚོམས་ཆེན་དུ་བཞུགས་ཁྲིར་འཁོད་མ་ཐག ༸སྐྱབས་མགོན་ལྷན་རྒྱས་ནས་ལྷ་ཕྱག་དང་འབྲེལ་མཎྜལ་ཕུལ་ནས། གསོལ་ཇ་བཞེས་འབྲས་མཆོད་གྲུབ་པ་དང་གཟིམ་ཆུང་དུ་གདན་འདྲེན་ཞུས།
གཟའ་སྐར་མཆོག་ཏུ་དགེ་བ་ལྷ་བབ་དུས་ཆེན་གྱི་སྔ་དྲོར། དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་བྱེས་ཀྱི་གདན་ས་རྟེན་དང་བརྟེན་པ་ལེགས་གྲུབ་ཟིན་པའི་དབུ་འབྱེད་ཀྱི་མཛད་སྒོར། རྣམ་འདྲེན་རྒྱལ་བའི་དབང་པོའི་ཐུགས་སྨོན་དང་འབྲེལ་སྒོ་འབྱེད་དར་ཚོན་གཅོད་འབྲེག་དང༌། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཀལ་ལན་སིང་ནས་སྒོ་ཆེན་སྟེང་གི་ཨིན་ཡིག་གི་དར་ཡོལ་ཞལ་འབྱེད་གནང༌། འདུ་ཁང་དུ་༸གོང་ས་མཆོག་དང་དེར་ཕེབས་བླ་ཆེན་རྣམས་ནས་སྐུ་གསུང་ཐུགས་རྟེན་ལ་རབ་གནས་དང་བཅས་བཞུགས་ཁྲིར་འཁོད། ༸སྐྱབས་མགོན་ཟུང་ནས་མཎྜལ་འདེགས་འབུལ་དང༌གསོལ་ཇ་བཞེས་འབྲས་སོགས་གྲུབ་མ་ཐག འདུ་ཁང་སྒོ་འཕྱོར་དུ་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ནས་ལས་རིམ་སྙིང་བསྡུས་ཀྱི་གསུང་བཤད་གནང༌། ཚེས་ཉེར་ལྔ་ནས་ཉིན་གཉིས་རིང་ལྷ་བཅས་སྲིད་ཞིའི་གཙུག་རྒྱན་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་ནས། རྗེ་སྒམ་པོ་བའི་ལམ་མཆོག་རིན་པོ་ཆེ་ཕྲེང་བ་དང༌། དྭགས་པོ་ཐར་རྒྱན་དང་འབྲེལ་བའི་སེམས་བསྐྱེད་ཀྱི་སྡོམ་པ་བཅས་ཟབ་རྒྱས་ཀྱི་བཀའ་སློབ་ཅི་ཆེར་བསྩལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་བདུན་ཕྲག་གཅིག་རིང་བཞུགས་ཞག་གནང་སྟེ། ཚེས་ཉེར་བརྒྱད་ཉིན་རྡོ་རྗེ་རྒྱལ་པོའི་བརྟན་བཞུགས་སྐབས། ༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་དང་འབྲེལ། བཀའ་དྲིན་གཏང་རག་གི་ཐུགས་རྗེ་ལེགས་འབུལ་བཅས་ཕེབས་སྐྱེལ་ཞུས། ༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་ནས་སྤྲེལ་ལོའི་བཀའ་ཆོས་ཆེན་མོར། ནོར་བུ་སྟོན་པའི་སྤྱི་དབང༌། སེམས་བསྐྱེད་ཆེན་མོ། གྲུབ་རྒྱལ་མའི་ཚེ་དབང་བཅས་བསྩལ། རང་རེའི་༸སྐྱབས་མགོན་ཉི་ཟླ་ཞལ་འཛོམས་བྱུང་སྟེ། དེ་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དང༌། ལྷར་བཅས་སྲིད་ཞིའི་རྣམ་འདྲེན་འབྲི་གདན་དབུ་འབྱེད་ཀྱི་མཛད་སྒོར་གདན་འདྲེན་ཞུ་ཐུབ་པའི་སྟེང༌། ཡོངས་སུ་གྲགས་པའི་འབྲི་གུང་སྤྲེལ་ལོའི་བཀའ་ཆོས་ཀྱི་རྒྱུན་མཐུད་ཐུབ་པའི་སྐལ་བཟང་གི་གོ་སྐབས་ཤར་བ་ནི། གོང་མ་རིམ་བྱོན་གྱི་ཐུགས་བསྐྱེད་དང༌། ད་ལྟའི་ཆར་ཡང་ཐུགས་མཐུན་ཁྲིམས་གཙང་བསླུ་མེད་ཀྱི་མཐོང་ཆོས་ཤིག་ཡིན་པར་སྙམ། དེའི་ཚེ་ཕྱོགས་མཐའི་སེར་སྐྱ་དྲུག་སྟོང་བརྒལ་བར་ཉིན་བཅུ་ལྷག་གི་རིང༌། ཞལ་ལག་དང་བཞུགས་ཡུལ་སོགས་འཐུས་སྒོ་གང་ལེགས་བྱུང་བ་ནི། ད་ཕན་རྒྱ་གར་ནང་བོད་བརྒྱུད་ནང་བསྟན་གྱི་མཛད་སྒོ་གྲ་རྒྱས་ཤོས་ཤིག་བྱུང་བར་གླེང༌།
དགུང་ལོ་ཞེ་བརྒྱད་པ་ཆུ་བྱ་ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༢༤ ཉིན། དྷ་སར་ནུབ་ཕྱོགས་ནང་ཆོས་དགེ་རྒན་གྱི་ཚོགས་འདུར་ཐེངས་དང་པོ་ཕེབས། ཟླ་ ༦ པའི་ནང་གླེ་མིར་ཕེབས་ནས་མི་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་ཁག་གསུམ་ལ་གཟིགས་ཞིབ་དང༌། སེར་སྐྱ་ཡོངས་ལ་ཟླ་བ་གཅིག་རིང་བཀའ་ཆོས་བསྩལ། ཟླ་ ༧ ཚེས་ ༢༡ ཉིན་གངས་ཏི་སེ་མཇལ་བའི་ས་གནས་ནས། དཔལ་འཁོར་ལོ་བདེ་མཆོག་གི་སྒོ་ནས་ཚོགས་འཁོར་འབུལ་གནང་མཛད། ཟླ་ ༡༠ ཚེས་ ༡ ཉིན་ལྡི་ལི་ནང་པའི་སྐྱེད་ཚལ་དུ། ༸གོང་ས་མཆོག་གིས་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་ལེགས་གསོའི་དྲན་རྟེན་ཆེད། གསེར་སྦྱངས་ཀྱི་སྟོན་པ་ཐོག་བརྩེགས་མ་གསར་བཞེངས་རབ་གནས་མཛད་སྒོར་བཀའ་བརྒྱུད་པའི་སྐུ་ཚབ་ཏུ་ཕེབས། དགུང་ལོ་ཞེ་དགུ་པ་ཤིང་ཁྱི་ཕྱི་ལོ་ ༡༩༩༤ ལོར་འཇར་མན་ཆོས་ཚོགས་ཁག་དང༌། དེ་རྗེས་མོ་སི་ཁོ་བརྒྱུད་ཨི་སི་ཀྲོ་ནི་ཡཱ་དང༌། ལེ་ཐུའུ་ཧྭི་ཡཱ། ཨ་རི་དང༌། ཀེ་ན་ཊ། དེ་རྗེས་མེག་སེ་ཀོ་དང༌། ལྷོ་ཨ་རིའི་ཅི་ལི་རྒྱལ་ས་སན་དི་ཡ་ཀོ་སོགས། ཡར་གླིང་ཤར་ལྷོའི་རྒྱལ་ཁབ་ནང་དུ་ཆོས་འབྲེལ་སླད་ཕྱིར་བསྐྱོད་རིང་ཤོས་ཡིན་པས་ཁྱོན་ཟླ་བ་བཅུ་ཙམ་འགོར། ཟླ་ ༡༡ ཚེས་ ༡༣ ཉིན་རྒྱ་གར་ཡུའུ་པི་མངའ་སྡེའི་རྒྱལ་ས་ལག་ནའོ་རུ། རྒྱ་གར་རྒྱལ་ཡོངས་ནང་པའི་ཆོས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་སྐབས་ཕེབས།
དགུང་ལོ་ང་བཞི་པ་ཕྱི་ལོ་ ༡༩༩༩ ས་ཡོས་ལོར། བཀའ་བརྒྱུད་པའི་སྐུ་ཚབ་ཀྱི་མཚན་ཐོག་ནས་ཨ་རིའི་ཨིན་ཀྲི་ཡ་ན་མངའ་ཁུལ་དུ། ༸གོང་ས་མཆོག་གི་དུས་འཁོར་དབང་ཆེན་ལ་བཅར་བཞུགས་མཛད། དེ་ལོ་མྱོས་ཟླའི་ནང་བོད་དང་ཧི་མཱ་ལ་ཡའི་རིག་གཞུང་ཞིབ་འཇུག་ཆེད་དམིགས་ཏེ། སྤུ་རྒྱལ་བོད་ཀྱི་རྒྱལ་ཐོག་སོ་གསུམ་པའི་མཚན་ནས་དྲས་པའི་དཔེ་མཛོད་ཆེན་མོ། ཡུ་མོ་བརླ་མཁར་གྱི་དཔེ་དབྱིབས་གཞིར་བླངས་བསྐྲུན་རྒྱུའི་ཨར་ལས་འགོ་འཛུགས་གནང༌། རྒྱལ་ཟླར་ཤར་མ་ལེ་ཤི་ཡ་ཀུ་ཚིང་རྩེད་ཐང་དུ་མི་གྲངས་ལྔ་བརྒྱ་སྐོར་གྱི་སྤྱན་རས་གཟིགས་ཀྱི་སྒྲུབ་པ་ཚོགས། ཟླ་ ༨ ཚེས་ ༣༠ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་ཆེན་མོར་སྟོང་ཚོའི་ལོ་འཁོར་གསར་པའི་འཛམ་གླིང་ཆོས་ལུཌ་ཁག་གི་ཞི་བདེའི་ཚོགས་ཆེན་ཐོག སྟོང་གསུམ་མི་མཇེད་ཀྱི་མགོན་པོ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ཏུ་ངོ་བཅར་ཞུས།
ཕྱི་ལོ་ ༢༠༠༩ ལོར་ཧོ་ལེན་དུ་༸གོངས་ས་མཆོག་གི་སྐུ་ཚབ་ཏུ་ཆིབས་བསྒྱུར་བསྐྱངས་གནང་བ་རེད། ཟླ་ ༡༡ པར་མཁན་ཆེན་ཨ་པད་དྲུང༌། འཇམ་མགོན་ཀོང་སྤྲུལ་གྱི་ཁྲིད་རྒྱུན་གྱི་སྟེང་ནས་རྩ་རྒྱུད་བརྟག་གཉིས་ཀྱི་བཀའ་ཁྲིད་གསན། ང་བདུན་པ་ཕྱི་ལོ་ ༢༠༠༢ ཆུ་རྟའི་དབོ་ཟླར་ནིའུ་ཛིི་ལན་དང༌། ལྷོ་བྱང་ཨ་རི་བརྒྱུད་འཛམ་གླིང་དུ་ཆོས་འབྲེལ་སྐོར་སྐྱོད་མཛད་སྐབས། ནག་ཟླར་ཅི་ལིའི་རྒྱལ་ས་སིན་ཏི་ཡ་ཀོ་ལར། བཀའ་བརྒྱུད་སྔགས་མཛོད་ཀྱི་སྙིང་བསྡུས་དང༌། ཆུ་ཟླར་དབུས་ཤར་ཁ་ཆེའི་རྒྱལ་ཁབ་རྒྱལ་ས་རྦི་པུར་ཞེས་པའི་ཁུལ་དེར་ནང་པའི་བླ་མ་ཕེབས་ཐེངས་དང་པོ་ཡིན་སྟབས། སྤྱན་རས་གཟིགས་ཀྱི་རྗེས་གནང་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་གལ་ཆེ་བའི་བཀའ་སློབ་བསྩལ་ཏེ། ཤེས་རབ་ལེའུ་ཕུད་པའི་སྤྱོད་འཇུག་གི་རྩ་བ་ཨ་ལ་པའི་ཡིག་ཐོག་ཏུ་བསྒྱུར་རྒྱུའི་འགོ་བརྗོད་ཀྱི་ཆེད་གཏམ་དང་ལམ་སྟོན་བཀའ་སློབ་གནང༌།
ཁྲུམས་ཟླར་ཐེ་ཝན་དའོ་ཡོན་ཅུན་ཏན་ལུས་རྩལ་ཐང་ཆེན་དུ་མི་གྲངས་གསུམ་ཁྲི་སྐོར་ལ་འོད་དཔག་མེད་ཀྱི་དབང་དང༌། འཕོ་བའི་བཀའ་ཁྲིད་བསྐྱངས། སྨིན་ཟླར་ཨོ་སི་ཁྲོ་རིར་བཀའ་བརྒྱུད་པའི་སྐུ་ཚབ་གནང་སྟེ། ༸གོང་༸ས་མཆོག་གི་དུས་འཁོར་དབང་ཆེན་སྐབས་ཕེབས། དགུང་ལོ་ང་བརྒྱད་པ་ཆུ་ལུག་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༣ པར། སྲོང་བཙན་དཔེ་མཛོད་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་ཀྱི་མཛད་སྒོ་གནང༌། དེ་ལོ་ས་ཟླའི་ནང་བལ་ཡུལ་ནས་མཚོ་ཞམ་བར་གནམ་གྲུ་དང༌། དེ་ནས་གཉན་ཡོད་བརྒྱུད་ཁྱོན་བསྡོམས་ཉིན་ཞག་ལྔའི་རིང་ཞབས་ཐང་ལ་བསྐྱོད་དེ་ལ་ཕྱིར་ཕེབས། རས་ཆེན་ཕུག་ཏུ་སྐུ་མཚམས་ཚེ་སྒྲུབ་བདུན་ཕྲག་གཉིས་ཙམ་མཛད་དེ། ས་ཟླའི་ཚེས་བཅོ་ལྔར་འདུས་པ་ཡོངས་ལ་ཚེ་དབང་དང༌། སེམས་བསྐྱེད་ཆེན་མོ། འཕོ་ལུང༌། དེར་ཡོད་རི་པ་རྣམས་ལ་གཏུམ་མོའི་མེ་དབང་དང༌། སེམས་ཁྲིད་ཡིད་བཞིན་ནོར་བུ་བཅས་གནང༌། དེར་ཡོད་ཀྱི་གནས་གཟིགས་སོགས་ལེགས་པར་གྲུབ་འཕྲལ། ཕྱིར་ཞབས་འགྲུལ་གྱིས་གཉན་ཡོད་དུ་ཕེབས། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དེར། ཀྱཻ་རྡོར་ལྷ་དགུའི་གཉན་ཆེན་དང༌། བདག་མེད་ལྷ་མོ་བཅོ་ལྔའི་གཉན་ཚད་སོགས་ལེགས་པར་གྲུབ་རྗེས། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་རྒྱག་དགོས་པའི་མནལ་ལྟས་བཞིན་ཆ་ཚང་ཐུགས་དགོངས་བཞིན་གྲུབ།
དགུང་ལོ་དྲུག་ཅུ་པ་ཤིང་བྱ་ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༧ ཉིན་སྐུ་སྒེར་དྲུང་ཆེ་དང༌། འཕྲོད་བསྟེན་དྲུང་ཆེ། བཀའ་བརྒྱུད་སྤྱི་འཐུས་བཅས་འཇིབ་འཁོར་གཉིས་ཀྱིས་ཕེབས་བསུ་དང་འབྲེལ་དྷ་སར་ཕེབས། ཚེས་ ༨ ཉིན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག གངས་ལྗོངས་ཆོས་སྲིད་ཀྱི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་ཁ་བ་རི་པའི་མགོན་དཔུང་དམ་པར། སྐུའི་མཚན་དཔེ་དཀྱིལ་འཁོར་མེ་ཏོག་བཞད་པའི་དུས་སྟོན་ཁྱད་པར་ཅན་དེར། གངས་ལྗོངས་གཞིས་བྱེས་ལྷ་མི་གཞུང་འབངས་ཡོངས་ནས། སྤྱི་ནོར་༸གོང་ས་༸རྒྱལ་བའི་དབང་པོ་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་སྐབས། རྡོར་སློབ་ས་སྐྱ་བདག་ཁྲི་རིན་པོ་ཆེས་དབུས། གྲུབ་དབང་པད་ནོར་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ། རྒྱལ་དབང་ཀརྨ་པ། སྨན་རི་ཁྲི་འཛིན། ༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་ཉིད། སྟག་ལུང་ཞབས་དྲུང་བཅས་བླ་ཆེན་ཁག་དང༌། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་སོགས་ནས། རྗེ་བཙུན་ཚེ་སྦྱིན་འཁོར་ལོའི་ཚིག་མཚམས་དང་བསྟུན་ཏེ། མཎྜལ་འདེགས་འབུལ་དང་ཚོགས་འཁོར་ལ་རོལ། བོད་འབངས་སྤྱི་དང་ཆོས་བརྒྱུད་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་བའི་རྟེན་འབྲེལ་ལེགས་སྒྲིག་མཛད།
ཟླ་ ༡༡ ཚེས་ ༡༡ ཉིན་ནས་ཟླ་བ་ཕྱེད་ཀྱི་རིང༌། ཀྱཻ་རྡོར་དབང་ཆེན་དང་འབྲེལ། དཔལ་ཀྱཻའི་རྡོ་རྗེ་འབུམ་ཆུང་ཉི་མའི་བཀའ་ཁྲིད་གནང་སྐབས། ཡུལ་གྲུ་གང་ས་ནས་བླ་སྤྲུལ་འདུས་ཚོགས་ལྔ་བརྒྱ་སྐོར་ལ་གསུང་ཆོས་གནད་སྨིན་བསྩལ། འབྲི་གུང་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ཡོངས་ནས་གསོལ་བ་བཏབ་དོན་བཞིན། དགུང་ལོ་རེ་གཅིག་པ་ཕྱི་ལོ་ ༢༠༠༦ མེ་ཁྱིའི་ཆོས་འཁོར་དུས་ཆེན་ཉིན། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང༌། སྟག་ལུང་ཞབས་དྲུང་རིན་པོ་ཆེ། རྒྱ་གར་ཨུཏྟརཱན་ཅལ་མངའ་སྡེའི་སྲིད་སྐྱོང་བློན་ཆེན། རང་གཞུང་ཆོས་དོན་དྲུང་ཆེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྐུ་ཚབ། མཚུར་ཕུ་བླ་བྲང༌། ས་སྐྱ་སྒྲོལ་མ་ཕོ་བྲང༌། གླིང་བླ་བྲང་སོགས་ཀྱི་སྐུ་ཚབ། ཉེ་འཁོར་ས་དགེ་བཀའ་རྙིང་དགོན་ཁག་གི་བླ་སྤྲུལ་མཁན་ལས་རྣམ་པ། ཐེ་ཝེན་རཏྣ་ཤྲཱིའི་ཆོས་ཚོགས་ཀྱི་བླ་མ་རིན་ཆེན་རྡོ་རྗེས་སྣེ་ཁྲིད་པའི་རྒྱ་རིགས་ལྔ་བརྒྱ་ལྷག་སོགས་ཕྱི་རྒྱལ་ཡུལ་གྲུའི་མི་སྣ་མི་ཉུང་བ་བཅས་ནས། མགོན་པོ་གང་གི་སྐུ་ཚེ་འཆི་མེད་ཚེ་ལྷའི་ངོ་བོར་བརྟན་པའི་སླད་དུ་དམིགས་ཏེ། བརྟན་བཞུགས་བསྟར་འབུལ་གྱི་དགའ་སྟོན་རྒྱས་སྤྲོས་ངང་ལེགས་གྲུབ་བྱུང་ནས། ཉིན་གསུམ་པར་འདུས་པ་ཉིས་སྟོང་ལྷག་ལ་གྲུབ་རྒྱལ་མའི་ཚེ་དབང་དང་འབྲེལ་བླང་དོར་གྱི་བཀའ་སློབ་བཅས་བཀའ་དྲིན་བསྩལ།
དགུང་གྲངས་རེ་གཉིས་པ་མེ་ཕག་ཕྱི་ལོ་ ༢༠༠༧ ཟླ་ ༢ ཚེས་ ༢༥ ཉིན་གནས་ཆེན་མཚོ་པདྨར་འབྲི་ལུགས་ཐུགས་བསྐྱེད་ཆེན་མོ་དང༌། ཚེས་ ༢༧ ཉིན་ཡང་ཟབ་ཀྱི་ཚོགས་འཁོར་དང༌། བར་དོའི་བཀའ་ཁྲིད་དང་འབྲེལ་འབྲི་གུང་འཕོ་བ་ཆེན་མོ་སྩལ་བའི་ཉིན་མི་གྲངས་བདུན་སྟོང་ལྷག་གི་རེ་མོས་བསྐངས། ཟླ་ ༣ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོས་དཔྱིད་ཆོས་ཆེན་མོར། ལམ་རིམ་གསེར་ཞུན་མ་དང༌། སྤྱོད་འཇུག་གསན་བཞེས་གནང་ཐོག ཚེས་ ༧ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་དང་ལྷན་དུ་གུང་ཚིགས་སྐབས། བོད་ཀྱི་རྒྱལ་རབས་སྒྲིག་ཕྱོགས་ཐད་ལ་བཀའ་བསྡུར་དང༌། རྗེ་ཉིད་ནས་ལོ་མང་རིང་འཚོལ་སྒྲུབ་གནང་བའི་ཏུན་ཧོང་ཡིག་ཆའི་མ་དཔེ་སོགས་སྤྱན་འབུལ་ཞུས། ༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་ལོ་ངོ་བཅུ་ཕྲག་ལྷག་རིང་སྐུ་ངལ་ཁྱད་བསད་གནང་ནས་བོད་རྒྱལ་ཁབ་ཆེན་པོ་ལ་ཕུལ་བའི་ལེགས་སྐྱེས་ཆེས་དཀོན་པའི་བོད་ཀྱི་ཡིག་རྙིང་(ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བོད་བཙན་པོའི་རྒྱལ་རབས་)དེ་བཞིན་དངོས་སུ་ཕྱི་ལོ་ ༢༠༡༠ ལོར་པར་འགྲེམས་གནང་བ་རེད།
ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༤ པའི་ནང་འཛམ་གླིང་རྒྱལ་སྤྱིའི་སངས་རྒྱས་ཤཱཀྱ་ཐུབ་པའི་གཟེངས་རྟགས་དེ་བཞིན་ས་གནས་ནག་པུར་དུ་འབུལ་བཞེས་གནང་ཡོད། ཟླ་ ༤ ཚེས་ ༡ ཉིན་རྗེ་བཙུན་མི་ལའི་སྒྲུབ་གནས་ལ་ཕྱི་གངས་རར་བྱོན་ཏེ། ཕྱི་ཉིན་ནས་མཎྜལ་གྱི་སྐུ་མཚམས་དང༌། ཟླ་ ༦ ཚེས་ ༢༤ ནས་ཟླ་བ་ ༧ ཚེས་ ༦ བར་ལུང་བསྟན་ཟིལ་ཆེན་ཕུག་ཏུ་ཆར་ཆུའི་ཞ་ཚན་དང༌། ཐིག་པའི་དཀའ་སྡུག་ལ་བཟོད་བསྲན་གྱིས་ཏེ་ཀུ་རུ་ཀུལླེའི་སྐུ་མཚམས་ལ་བཞུགས། ཟླ་ ༨ ཚེས་ ༢༠ ཉིན་གཉིས་རིང་ལ་དྭགས་སྒང་སྔོན་བཀྲིས་ཆོས་རྫོང་དུ་ལྔ་ལྡན་གྱི་སྔོན་འགྲོའི་བཀའ་ཁྲིད་དང༌། ཚེས་ ༢༣ དང་ ༢༤ ཉིན་སེམས་བསྐྱེད་ཆེན་མོ། ཚེས་ ༢༥ དང་ ༢༦ ཉིན་སེར་སྐྱ་ཉིས་ཁྲི་བརྒལ་བར་ཀྱཻ་རྡོ་རྗེ་ལྷ་དགུའི་དབང་ཆེན་གྱི་རེ་མོས་བསྐང༌། ཚེས་ ༢༧ ཉིན་འཕོ་བ་ཆེན་མོ་དང༌། གྲུབ་རྒྱལ་མའི་ཚེ་དབང་དེ་འདུས་ཚོགས་ལྔ་ཁྲི་ལྷག་ཙམ་མངོན་མཐོ་ངེས་ལེགས་ཀྱི་ས་བོན་བསྐྲུན།
ཟླ་ ༡༡ ཚེས་ ༡ ལྷ་བབ་དུས་ཆེན་དང་བསྟུན་ཏེ། བལ་ཡུལ་ངེས་དོན་རིན་ཆེན་དཔལ་རི་དགོན་གྱི་དངོས་གཞིའི་མཛད་སྒོ་གནང༌། ཚེས་ ༢ ཉིན་གསང་འདུས་ལྷན་སྐྱེས་དང༌། ཀྱཻ་རྡོར་ལྷན་སྐྱེས་གཉིས་ཀྱི་བཀའ་དབང༌། ཚེས་ ༤ ཉིན་འཇམ་དབྱངས་དཀར་པོའི་རྗེས་གནང་དང༌། ཚེས་ ༥ ཉིན་གྲུབ་རྒྱལ་མའི་ཚེ་དབང་བཅས་བསྩལ།
ཟླ་ ༡༡ ཚེས་ ༡༠ ཉིན་བྱང་ཆུབ་གླིང་ནས་གོ་སྒྲིག་ཞུས་པ་ལྟར། སྡེ་ར་སྡུན་ཁྱབ་ཁོངས་སུ་གནས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་འདུས་ཚོགས་བདུན་བརྒྱ་ལྷག་འཛོམས་ནས། འཛམ་གླིང་འདིར་འཇིགས་པ་བརྒྱ་ཕྲག་གི་རྐྱེན་ངན་ཟློག་ཆེད་དུ་དམིགས་ཏེ། སྐབས་གཉིས་པའི་ཞི་བདེ་སྨོན་ལམ་ཆེན་མོའི་དབུ་ཞུགས་གནང༌།
ཚེས་ ༡༡ ཉིན་རྔོག་ཞེ་སྡང་རྡོ་རྗེས་འཇམ་དཔལ་མཚན་བརྗོད་ཀྱི་འབྲུ་འགྲེལ་མཛད་པའི་ཐོག་ནས། ཉིན་ཞག་བཅོ་ལྔའི་རིང་འདུས་ཚོགས་སེར་སྐྱ་ལྔ་བརྒྱ་ལས་མི་ཉུང་བ་བཅས་ལ་བཀའ་དྲིན་བསྐྱངས།
མེ་ཕག་གི་ལོ་འདི་ནི་བོད་མིའི་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་དགུང་སྐེག་ཁེལ་བའི་ལོ་ཞིག་ཡིན་ལ། བོད་གཞུང་ཆོས་རིག་ལས་ཁུངས་ནས། བོད་ཀྱི་བླ་ཆེན་རྣམས་ཀྱང་སྐུ་ཚེ་ཞབས་པད་བརྟན་པ་དང༌། ལྷག་དོན་༸གོང་ས་མཆོག་གི་སྐུའི་གསང་གསུམ་ལ་མི་མཐུན་པའི་ཆ་ཤས་ཙམ་ཡང་མི་འབྱུང་བའི་རྟེན་འབྲེལ་མཚོན་བྱེད་དུ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ཁག་བཅུ་གཉིས་ལ། བརྟན་བཞུགས་འབུལ་རྒྱུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་དངོས་སུ་བསྟར་གནང་བ་བཞིན། ཚེས་ ༢༥ མ་གཅིག་གྲུབ་པའི་རྒྱལ་མོའི་སྒོ་ནས་ཚེ་སྒྲུབ་ཀྱི་སྒྲུབ་ཞག་ཉིན་གསུམ་རིང་སྔོན་དུ་སོང་ཐོག ཆོས་རིག་བཀའ་བློན་དང༌། ས་གནས་བདེ་དོན་ནས་མནྜལ་འདེགས་འབུལ་དང༌། འབུལ་མཚོན་སྙན་དར། དགེ་བཙུན་བཞི་བརྒྱ་བརྒལ་བར་བསྙེན་བཀུར་གང་རྒྱས་གནང༌།
འབྲི་གུང་༸སྐྱབས་མགོན་ཆེ་ཚང་འཕྲིན་ལས་ལྷུན་གྲུབ་མཆོག་གིས་དམིགས་བསལ་ཁོར་ཡུག་དང་འབྲེལ་བའི་ལས་གཞི་རྒྱ་ཆེན་ཞིག་གནང་དང་གནང་བཞིན་པའི་རྒྱུ་མཚན་ནི། དེང་སྐབས་འཛམ་གླིང་འདིར་དཀའ་ངལ་འཕྲད་བཞིན་པ་ནི་རང་བཞིན་ཁོར་ཡུག་ལ་གནོད་སྐྱོན་གྱིས། འབྱུང་བཞི་ཆ་མ་སྙོམས་པའི་རྐྱེན་གྱིས་འཛམ་གླིང་ཚ་དྲོད་རྒྱས་པ། གངས་རི་ཞུ་བ། ཆུ་ལོག་བྱུང་བ་སོགས་འཛམ་གླིང་ཐོག་དཀའ་ངལ་དུ་མ་ཞིག་འཕྲད་དང་འཕྲད་བཞིན་པར་བརྟེན། དེའི་དཀའ་ངལ་སོགས་ལས་སྐྱོབ་རྒྱུར་མི་རེ་ངོ་རེ་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་པོ་ཞིག་ཡིན་པར་དགོངས་ནསའཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་དུ་མ་ཞིག་གནང་དང་གནང་བཞིན་པ་རེད།
འབྲི་གུང་༸སྐྱབས་མགོན་ཆེ་ཚང་འཕྲིན་ལས་ལྷུན་གྲུབ་མཆོག་གིས་ཁོར་ཡུག་དང་འབྲེལ་བའི་ཚོགས་པ་གང་མང་བཙུགས་ཡོད་པ་དང་། ཚོགས་པ་དེ་ཚོ་བརྒྱུད་ཁོར་ཡུག་དང་འབྲེལ་བའི་ཚོགས་པ་ལྗང་བསྒྱུར་དང་སྐྱེ་ལྡན་ལ་བསྒྱུར་བ་(Go green Go Organic) དེ་བཞིན་ International Nature Restoration Action དེ་བཞིན་འཁྱགས་པ་མཆོད་རྟེན་ (Ice Stupa) སོགས་ཚོགས་པ་དུ་མ་ཞིག་བཙུགས་གནང་ཞིང་། ཚོགས་པ་དེ་ཚོ་བརྒྱུད་ལས་གཞི་ནི་དཔེར་ན་ལ་དྭགས་ཁུལ་དུ་ཤིང་སྡོང་འབུམ་ཕྲག་ཁ་ཤས་ལས་རྒལ་བ་འདེབས་བཞིན་པ། ཆུ་དཀོན་པོ་ཡོད་སའི་ཡུལ་ལུང་དུ་མར་གངས་ཀྱི་འཁྱག་རོམ་བཟོ་བ། ཕྱི་རྒྱལ་ནས་མཁས་དབང་ཁག་གདན་ཞུས་ཀྱིས་ལུད་བཟོ་ཐབས་སོགས་ཀྱི་ཟབ་སྦྱོང་ཐེངས་ཁ་ཤས་ཕུལ་བ། བརྟན་གཞི་ཅན་གྱི་ཡོང་བབས་སླད་སྟར་བུའི་ཤིང་འདེབས་འཛུགས་ཁྱབ་སྤེལ་གནང་བ། དེ་བཞིན་ཞིང་ཁ་སོགས་སུ་ཡོང་འབབ་ཡོང་རྒྱུར་ས་གནས་གཞན་ནས་ཞོག་ཁོག་གྱི་སོན་ཉོས་ནས་ཡུལ་ལུང་སོ་སོར་གནང་བ་སོགས་ལས་གཞི་དུ་མ་ཞིག་བརྩམས་གནང་ཡོད་པ་རེད།
འབྲི་གུང་༸སྐྱབས་མགོན་ཆེ་ཚང་འཕྲིན་ལས་ལྷུན་གྲུབ་མཆོག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་རྒྱུད་གདོད་མའི་མི་རིགས་ཀྱི་གཞུང་ཚབ་པར་ག་དུས་བསྐོ་གཞག་གནང་བ་དང་། གཞུང་ཚབ་པའི་མཚན་གནས་དང་འབྲེལ་བའི་ཕྱག་ལས་རྒྱ་ཆེན་གནང་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ལ་ Mountain Partnership Ambassador ཞེས་པའི་ཕྱག་འཁྱེར་དེ་ཕྱི་ལོ་ ༢༠༡༥ ཟླ་ ༦ པའི་ནང་ Thomas Hofer (Coordinator to the Mountain Partnership Secretariat) གྱིས་འབུལ་བཞེས་གནང་བ་རེད། དེ་བཞིན་ལ་དྭགས་མངའ་སྡེ་གཞུང་དང་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཉིས་ནས་མགོན་པོ་མཆོག་ལ་ Green Ambassador of UT Ladakh ཞེས་པ་འབུལ་བཞེས་གནང་བ་རེད། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༩ ནང་སྐུ་ཞབས་ Giorgio ཕྱག་ནས། ཡིད་བཞིན་ནོར་བུ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་ཡར་རྒྱས་སོགས་ཀྱི་སེམས་སྐུལ་གྱི་མཛད་རྗེས་ལ་ཨི་ཀྲ་ལི་ནང་པའི་འདུས་ཚོགས་གཟེངས་རྟགས་ (Italian Buddhist Union Award) འབུལ་བཞེས་གནང་བ་རེད།
འབྲི་གུང་༸སྐྱབས་མགོན་ཆེ་ཚང་འཕྲིན་ལས་ལྷུན་གྲུབ་མཆོག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་རྒྱུད་གདོད་མའི་མི་རིགས་ཀྱི་གཞུང་ཚབ་པར་ཐེངས་དང་པོ་ཕྱི་ལོ་ ༢༠༡༥ ལོར་དུས་ཡུན་ལོ་བཞིའི་རིང་བསྐོ་གཞག་གནང་ཞིང་། དུས་ཡུན་ཚང་རྗེས་དགོངས་ཞུས་ཀྱང་དགོངས་པ་མ་གནང་བར་སླར་ཡང་མུ་མཐུད་བཞུགས་རྒྱུར་གསོལ་འདེབས་ཞུས་དོན་ཕྱག་ལས་གནང་བཞིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་རྒྱུད་གདོད་མའི་མི་རིགས་ཀྱི་གཞུང་ཚབ་པའི་མཚན་གནས་དང་འབྲེལ་བའི་ཐོག་ནས་གདོད་མའི་མི་རིགས་ཡོད་ས། དཔེར་ན་ཨ་རི་ཡུ་ཁྲ་དང་། པི་རུ་སོགས་རྒྱལ་ཁབ་དུ་མར་ཕེབས་ནས་ཁོང་རྣམ་པའི་གདོད་མའི་མི་རིགས་དང་། རིག་གཞུང་སོགས་སྲུང་སྐྱོབ་སོགས་ཡོང་རྒྱུར་རྒྱལ་ཁབ་སོ་སོའི་དབུ་ཁྲིད་རྣམ་པར་སྙན་ཞུ་ཕུལ་བ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་བརྒྱུད་གདོད་མའི་མི་རིགས་ཀྱི་གནས་སྟངས་དང་འབྲེལ་བའི་ཚོགས་ཆེན་དུ་མར་ཆེད་ཕེབས་ཀྱིས་བཀའ་སློབ་དགོངས་འཆར་སོགས་ཐེངས་མང་གནང་བ་ཡོད།
འབྲི་གུང་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་དགོངས་གཞིའི་འོག་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་དབུ་བཙུགས་གནང་བ་ནས་ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་ཧི་མཱ་ལ་ཡའི་ཡུལ་ལུང་ཁག་ནས་མི་སྐྱ་ཕོ་མོ་ཆིག་སྟོང་ལྔ་བརྒྱ་ལས་བརྒལ་བ་གདན་ཞུས་ཀྱིས་ལོ་ལྟར། ཚོགས་བཞིན་པ་དང་། དེའི་རྒྱབ་ལྗོངས་རྒྱུ་མཚན་ནི་ནང་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་ཐབས་ལ་འཕགས་པའི་དགེ་འདུན་གྱི་སྡེ་གཅིག་པུ་མིན་པར་མི་སྐྱ་ཕོ་མོ་ཚོ་ལའང་རག་ལུས་ཡོད་པར་བརྟེན། གཙོ་བོ་ཁྱིམ་པ་མི་སྐྱ་ཚོར་ནང་ཆོས་ཀྱི་གོ་རྟོགས་སྤེལ་རྒྱུར་དགོངས་ནས། ལས་རིམ་གཙོ་བོ་མགོན་པོ་མཆོག་གིས་སངས་རྒྱས་ཀྱི་གསུང་ཆོས་ཀྱི་ཚིགས་སུ་བཅད་པའི་བཀའ་ཁྲིད་གནང་བ་དང་། མཁས་དབང་ཁག་གདན་ཞུས་ཀྱིས་སྐད་ཡིག་སོ་སོའི་སྒོ་ནས་ནང་ཆོས་ཀྱི་བགྲོ་གླེང་གནང་བ། འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་གསུང་རྒྱུ་སོགས་ཡིན་པ་རེད།
འབྲི་གུང་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་མཉན་ཡོད་ནང་པའི་གཙུག་ལག་ཆེན་མོ་དམིགས་བསལ་མཉན་ཡོད་དུ་བཞེངས་དགོས་པའི་རྒྱུ་མཚན་ནི། ལོ་རྒྱུས་ཐོག་ལ་ཆ་བཞག་ན་མཉན་ཡོད་ནི་ནང་པ་སངས་རྒྱས་པའི་གནས་གལ་ཆེན་ཞིག་ཡིན་པ་དཔེར་ན། སྟོན་པས་ཆོ་འཕྲུལ་སྟོན་པ་དང་། སོར་ཕྲེང་བརྟུལ་བ། ཐེངས་ཉེར་ལྔར་དབྱར་གནས་ལ་བཞུགས་པ། སྟོན་པའི་སྐུ་ཚེའི་ནང་དུས་ཡུན་རིང་ཤོས་བཞུགས་ས་དང་། ལྷག་པར་མདོའི་གསུངས་ཆོས་མང་ཆེ་བ་གནང་སའི་གནས་ཆེན་ཞིག་ཡིན་ཀྱང་། ང་ཚོ་ནང་པ་ཚོ་གནས་ཆེན་དེར་མཆོད་མཇལ་འགྲོ་མཁན་ཁ་ཅང་གི་དཀོན་པོ་ཡོད་ཅིང་། ང་ཚོའི་སྤྱི་ཚོགས་ནང་དགོས་སར་ཆད། མི་དགོས་སར་ལྷག་པའི་རིགས་དུ་མ་ཞིག་ཡོང་དང་ཡོང་བཞིན་པར་བརྟེན། འབྲི་གུང་༸སྐྱབས་མགོན་མཆོག་གིས་དགོངས་གཞི་རྒྱ་ཆེན་བཞེས་ནས་གཙུག་ལག་ཁང་དེ་བཞིན་བཙུགས་གནང་བ་དང་། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ཕྱི་ལོ་ ༢༠༡༨ ལོར་ལེགས་གྲུབ་ཀྱིས་དབུ་འབྱེད་མཛད་སྒོ་བཀའ་དྲིན་བསྐྱངས་གནང་བ་རེད། འབྲི་གུང་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ཆོས་ལུགས་ཆོས་བརྒྱུད་ཀྱི་དབུ་ཁྲིད་ཚོ་དང་ལྷན་དུ་ཆོས་ཚོགས་དུ་མ་ཞིག་ཏུ་ཕེབས་ཡོད་པ་དང་། དཔེར་ན་ཕྱི་ལོ་ ༢༠༡༧ ལོར་བར་མའི་རྒྱལ་ས་ཡང་གོན་དང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་གི་རྒྱལ་ས་ལྡི་ལི་སོགས་ལོ་ལྟར་ཐེངས་རེ་གཉིས་ཆོས་ལུགས་ཀྱི་བླ་ཆེན་ཚོ་དང་ལྷན་འཛོམས་གྱིས་ཆོས་ལུགས་མཐུན་འབྲེལ་ཡོང་རྒྱུ་སོགས་སུ་དམིགས་ནས་བཀའ་སློབ་དུ་མ་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ ༧ ཚེས་ ༢༩ ཉིན་ Subharti University U.P. ནས་ཡིད་བཞིན་ནོར་བུའི་མཛད་འཕྲིན་ལ་ཡི་རངས་བསྔགས་བརྗོད་ཀྱིས་གོ་ལའི་བཤེས་གཉེན་ཞེས་པའི་གཟེངས་རྟགས་ཕུལ་བ་རེད།
མདོར་ན་དཔལ་འགྲོ་མགོན་བཀའ་བརྒྱུད་པའི་གདན་ས་ཆེན་པོ་དེའི་ཁྱབ་ཁོངས་སུ། ༸སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་ལུང་གིས་ཟིན་པའི་དགོན་སྡེ་སུམ་སྟོང་དྲུག་བརྒྱ་ཡོད་ཅེས་གསལ་ནའང༌། ལོ་གྲངས་བརྒྱད་བརྒྱའི་རིང་ལ་བར་ཆད་སྣ་མང་གི་རྐྱེན་པས། དེང་སྐབས་དགོན་གནས་སུམ་བརྒྱ་ལྷག་དང༌། ཆོས་ཚོགས་བརྒྱ་ལས་མི་ཉུང་བ་ཞིག་ནས་གྲུབ་མཐའ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པ་བཅས་སོ། ཅེས་པ་འདི་བོད་གཞུང་ཆོས་རིག་ལས་ཁུངས་ནས་འབྲི་གུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་རྒྱས་བསྡུས་རན་པོ་ཞིག་དགོས་ཞེས་པའི་ཕྱག་བྲིས་ཀྱི་དགོངས་དོན་བཞིན། ཀླུ་སྒྲུབ་གཉིས་པ་མགོན་པོ་འབྲི་གུང་པ་ཆེན་པོའི་བསྟན་ཞབས་སུ་གཏོགས་པ། བལ་ཡུལ་གླེ་མི་ཞེས་པའི་ཡུལ་གྲུ་དེར་ལྟེ་ཁྲག་འཐོར་ཞིང༌། སྙིགས་དུས་ཀྱི་མཁན་མིང་གི་གཟེགས་མ་ཙམ་ཐོར་བ་དཀོན་མཆོག་པ་སངས་ཀྱིས། ས་བྱི་ནག་ཟླའི་ཉ་གང་ནས་ལས་གཞི་བཙུགས་ཏེ། ས་ཟླའི་འབྲི་གུང་ལྔ་མཆོད་ཆེན་མོའི་ཉིན་མཆོད་སྤྲིན་དུ་དམིགས་ཏེ། འཕགས་ཡུལ་འབྲི་གུང་བླ་བྲང་དུ་མཇུག་ལེགས་པར་བསྒྲིལ་བའོ།། །།
