༸སྐྱབས་མགོན་ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྒྱལ་མཚན་རིན་པོ་ཆེ་མཆོག
དང་པོ། དགེ་རྩེ་རིན་པོ་ཆེའི་གསོལ་འདེབས།
འགྱུར་མེད་དོན་གྱི་གནས་ལུགས་ངེས་དོན་གྱི། །བསྟན་པ་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ། །བདག་སོགས་སྐྱེ་དགུའི་སྣང་ངོར་ཤར་བའི་དཔྱིད། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས།
གཉིས་པ། སྐྱེས་རྒྱུན་གསོལ་འདེབས།
༄༅། །རྣམ་དག་རྒྱལ་བ་ཡོངས་ཀྱི་ཕྲིན་ལས་མཛོད། །མ་ལུས་གཅིག་ཏུ་སྣང་བ་ཆོས་ཀྱི་རྗེ། །སྐྱབས་གཅིག་དྲིན་ཆེན་བླ་མ་འགྲོ་བའི་མགོན། །ཚེ་རབས་ཀུན་ཏུ་མི་འབྲལ་གསོལ་བ་འདེབས། །སྔོན་ཚེ་ཆོས་ཀྱི་སེང་གེ་གཞོན་ནུའི་སྐུ། །རྒྱ་གར་ཡུལ་དུ་གྲུབ་ཆེན་ནག་པོ་པ།། ཁ་བ་ཅན་དུ་ནམ་མཁའི་སྙིང་པོ་ཞེས། །གྲུབ་པའི་མངའ་བདག་ཁྱེད་ལ་གསོལ་བ་འདེབས། །བསྟན་པའི་འབྱུང་གནས་གསང་བདག་སྒྲོ་ཕུག་པ། །རྒྱལ་བའི་ལུང་བསྟན་བྱམས་པ་འབུམ་པ་དང་། །ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་སོགས། །རྣལ་འབྱོར་དབང་ཕྱུག་ཁྱེད་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་ས་སྐྱ་པཎྜི་ཏ། །ཤེས་རབ་རྒྱལ་མཚན་གྲུབ་ཆེན་གླིང་རས་པ། །གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས། །མཁྱེན་རབ་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །སྒྲོལ་བའི་མགོན་པོ་རྗེ་བཙུན་ཇོ་ནང་པ། །རིག་པ་འཛིན་པ་ཚེ་དབང་ནོར་བུ་དང་། །མཁས་པའི་དབང་ཕྱུག་ཚེ་དབང་མཆོག་ཏུ་གྲུབ། །རིག་འཛིན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།
།འགྱུར་མེད༵་དོན་གྱི་གནས་ལུགས་ངེས་དོན་གྱི། བསྟན་པ་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ། །བདག་སོགས་སྐྱེ་དགུའི་སྣང་ངོར་ཤར་བའི་དཔྱིད། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མཚན་འཛིན་སྤྲོས་པའི་དྲྭ་བ་ཕ་མཐར་ཞི། །བརྗོད་བྲལ་བློ་འདས་དུས་གྱི་ཀློང་ཆེན་རྫོགས། །གཞི་ཐོག་དང་པོའི་སངས་རྒྱས་ལྷུན་གྲུབ་ཤོག །
ཅེས་པའི་སྐྱེས་རྒྱུན་གསོལ་འདེབས་ཉུང་ངུ་འདི། བླ་མ་དབང་རྒྱལ་བསྐུར་བ་མ་ལྡོག་ཙམ་དུ་དགེ་རྩེ་སྐུ་ཕྲེང་གསུམ་པ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་ཉིན་དགོན་འོད་གསལ་གླིང་དུ་བྲིས་པ་དགེ་བར་གྱུར་ཅིག། །།
གསུམ་པ། སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེའི་གསུང་བའི་ཞབས་བརྟན་གསོལ་འདེབས།
༄༅། །ཞབས་བརྟན་སྨོན་ཚིག་ཚེ་བཅུད་དཔལ་འབྱིན་ཞེས་བྱ་བ་བཞུགས་སོ། །
སྭ་སྟི། རྩ་གསུམ་འདུས་ཞལ་ཨོ་རྒྱན་ཚེ་ཡི་ལྷར། །དཔག་མེད་ཚེ་ལྷའི་ཚོགས་ཀྱིས་ཡོངས་བསྐོར་བ། །ཀུན་གྱི་ཐུགས་རྗེའི་འཇུག་པ་གཡོ་བ་ལས། །རྟག་བརྟན་ཚེ་ཡི་དངོས་གྲུབ་དམ་པ་སྩོལ། །སྤྲོལ་བྲལ་འགྱུར་མེད༵་ཀ་དག་གདོད་མའི་དབྱིངས། །བགྲོད་བྱེད་རིིམ་དགུའི་བསྟ༵ན་པ༵་སྤེལ་བའི་མགོན། ། ཟླ་མེད་ཆོས་ཀྱི་རྒྱ༵ལ་མཚ༷ན་འཛིན་མཛད་པའི། །སྐྱེས་མཆོག་འགྲོ་འདྲེན་དམ་པར་ཞབས་བརྟན་གསོལ། །སྣང་སྟོང་མི་ཕྱེད་རྟེན་ཅིང་འབྲེལ་འབྱུང་བདེན། །དད་དམ་ལྷག་བསམ་མོས་གུས་ནུས་མཐུའི་སྟོབས། །དམ་ལྡན་བསྟན་སྲུང་རྒྱ་མཚོའི་འཕྲིན་ལས་ཀྱིས། །འདོད་དོན་དཔྱིད་ཀྱི་དཔལ་ཡོན་རྒྱས་གྱུར་ཅིག །ཅེས་པ་འདི་ནི་སྔ་འགྱུར་བསྟན་པའི་གསལ་བྱེད་དད་དམ་གཡོ་མེད་ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྒྱལ་མཚན་དགུང་སྐེག་ཐོག་ཕེབས་པར་ཞབས་བརྟན་སྨོན་ཚིག་ཅིག་འབྲི་དགོས་ཞེས། སྤྲུལ་སྐུ་ཨོ་རྒྱན་སྦྱིན་པ་དང་། གྲྭ་ཚེ་བཀྲ། སྲིང་མོ་མཚོ་སྨན་ཚོགས་ནས་ལྷ་རྫས་རྟེན་བཅས་བསྐུར་ངོར། ཏཱ་ལའི་བླ་མ། ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ཟླ་ ༡༡ ཚེས་ ༢༧ ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༧ ཉིན་སྨོན་པའོ།། །།
བཞི་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་གནང་བའི་བཀའ་ཤོག
གངས་ལྗོངས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་བསྟན་པའི་གསལ་བྱེད་ཀཿཐོག་དགེ་རྩེ་རིན་པོ་ཆེ་སྐྱེ་ཕྲིང་རིམ་བྱོན་༸རྒྱལ་བའི་བསྟན་པར་ཕྱག་རིས་ཆེ་བར་མ་ཟད། འགའ་ཤས་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་དང་བླ་སློབ་ཀྱི་འབྲེལ་བ་དམིགས་བསལ་བྱུང་བའི་ལོ་རྒྱུས་སྣང་། དེ་ཡང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ལྷ་ལྡན་རྒྱལ་སར་ཕེབས་ནས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་གཟིམ་ཆུང་མཇལ་ཁ་ཐོབ་སྐབས་ཐུགས་བརྩེས་རྗེས་སུ་བཟུང་ནས་རིམ་བཞིན་ལ་དྭགས་ཕྱོགས་སྟོད་ཧོར་དམག་དཔུང་བཟློག་དགོས་པའི་བཀའ་གནང་བ་བཞིན་འགྲུབ་ནས་ཐུགས་ཟིན་བྱུང་བ་དང་བདག་རྐྱེན་བཟང་པོ་ཐོབ། དེ་ཡི་འཁྲུལ་མེད་སྤྲུལ་པའི་སྐུ་ཀཿཐོག་དགེ་རྩེ་སྐྱེ་ཕྲེང་དང་པོ་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ལྷ་ལྡན་ཚོས་ཀྱི་ཞིང་སར་ཆེད་གཉེར་མཆོད་འབུལ་ལ་ཕེབས་པ་དེ་སྐབས་༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་གཟིམ་ཆུང་མཇལ་ཁའི་ཐོག་ཕན་ཚུན་དམ་པའི་ཆོས་ཀྱི་གསུང་མཆིད་ཕེབས་པ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཏེ་བདག་རྐྱེན་གཟིགས་པ་ཆེན་པོ་གནང་ཡོད་པ་དང་། དེ་རྗེས་ཀཿཐོག་དགེ་རྩེ་སྐྱེ་ཕྲེང་གསུམ་པ་འགྱུར་མེད་བསྟན་པ་རྣམ་རྒྱལ་ནས་ཀྱང་ལྷ་ལྡན་རྒྱལ་སར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཇལ་བར་ཕེབས་པ་ལྟར་༸རྒྱལ་དབང་མཆོག་གིས་དགྱེས་ཤིང་རྗེས་སུ་བཟུང་སྟེ་བདག་རྐྱེན་བཟང་པོ་གནང་ཡོད། དེའི་ཡང་སྲིད་ཀཿཐོག་དགེ་རྩེ་སྐྱེ་ཕྲེང་བཞི་པ་འགྱུར་མེད་བསྟན་པ་རྒྱལ་མཚན་གང་ཉིད་སྔོན་གྱི་ལས་སྨོན་བཟང་པོའི་མཐུ་བརྟས་པས་འདི་ཕྱོགས་སྐྱབས་བཅོལ་དུ་བདེ་བར་འཁོད་ཐུབ་པ་བྱུང་བར་མ་ཟད། ངོས་དང་བླ་སློབ་ཏུ་འབྲེལ་ཏེ་ལྷག་བསམ་དད་དམ་འགྱུར་མེད་ངོས་མདོ་སྔགས་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་ཞིང་། ཕྱི་ནང་གདུལ་བྱའི་འགྲོ་དོན་ལ་གཞོལ་བ་སོགས་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་མཛད་པ་ཡར་ལྡན་དུ་ཡོད་པར་ཡི་རང་བསྔགས་བརྗོད་དང༌། རིང་འཚོའི་སྐྱབས་སྨོན་བཅས། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་མེ་ཕག་ཟླ་ ༤ ཚེས་ ༡༨ ་ལོ་ ༢༠༠༧ ཟླ་ ༦ ཚེས་ ༤ ལ།།
ལྔ་པ། ཀཿཐོག་དགེ་རྩེ་བཞི་པ་ངོས་འཛིན་ཚུལ་གྱི་ལུང་བསྟན་ཕྱོགས་བསྡུས།
༄༅། །ན་མོ་གུ་རུ་མཉྫུ་ཤྲི་ཡེ། རྣམ་འདྲེན་བཞི་པ་རྒྱལ་བུ་དོན་ཀུན་གྲུབ། །གངས་ཅན་མུན་སེལ་གུ་རུ་པདྨ་འབྱུང་། །སྔ་འགྱུར་བསྟན་པའི་སྲོག་ཤིང་ཀཿདམ་པ། །རྣམ་གསུམ་དབྱེར་མེད་དཔལ་ལྡན་བླ་མར་འདུད། །སྐྱབས་རྗེ་ཀཿ་ཐོག་དགེ་རྩེ་སྤྲུལ་པའི་སྐུ། ། སྔོན་བྱོན་དམ་པའི་ལུང་གིས་ཟིན་ཚུལ་རྣམས། ། དད་ལྡན་འགའ་ཡི་ཐུགས་བཞེད་བསྐང་ཕྱིར་དུ། །བདག་གིས་ལྷག་བསམ་དག་པར་གསལ་བོར་འགོད། །དེ་ལ་ཀཿཐོག་དགེ་རྩེ་བཞི་པ་འགྱུར་མེད་བསྟན་པ་རྒྱལ་མཚན་ཐོག་མར་ངོས་འཛིན་ཚུལ་ནི། མཁས་ཤིང་གྲུབ་པའི་དབང་ཕྱུག་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་ལ། ཀཿཐོག་དགེ་རྩེ་གསུམ་པ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་འདས་ཁའི་ཞལ་ཆེམས་ལྟར། ཡང་སྲིད་འཁྲུངས་སྐོར་ལ་ཐུགས་ཁུར་བཞེས་བཞིན་པའི་ཚེ། བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་རྟ་ཡི་ལོ་ཕྱི་ལོ་ ༡༩༥༤ ལོར་ཁོང་ལ་ཡང་སྲིད་སྐུ་འཁྲུངས་པའི་ལུང་བསྟན་གསལ་པོ་ཐོབ་ཀྱང༌། ༸རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང་༸ཀུན་གཟིགས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྣམ་གཉིས་ལ་བརྟག་ཞུ་ཕུལ་བས། ཁོང་རྣམས་གཅིག་མཐུན་དུ་གྱུར་པའི་ཚུལ་རྒྱལ་སྲས་རིན་པོ་ཆེས་ཕྱག་བྲིས་སུ་བཏབ་པ་ལས། མགོན་པདྨའི་གནས་མཆོག་ཀཿཐོག་གི་ཕྱོགས་བྱང་ཤར་རྡོ་ཡུལ་ལྷ་མཁར་དུ། ། ཐབས་ཤེས་རབ་ཕུན་ཚོགས་ཆོས་སྒྲོན་ལ། །བུ་ཤིང་རྟ་སྨིན་དཀྱིལ་སྤུ་དཀར་ཅན། །རྗེ་སྐྱབས་མགོན་བླ་མའི་ཡང་སྲིད་ངེས། །དུས་རེ་ཞིག་གསང་རྒྱ་དམ་པོར་མཛོད། ། བདུད་ནག་པོའི་དུག་རླངས་མ་ཕོག་ན། །རྗེ་དམ་པའི་རང་མདངས་ཡར་ཟླ་བཞིན། །ཞེས་གསུངས་པ་ལྟར། ཀཿཐོག་གི་བྱང་ཤར་མཚམས་སུ་འཁྲུངས་ཡུལ་སྤྱི་མིང་རྡོ་ཡུལ་དང༌། བྱེ་བྲག་ལྷ་ཁང་སུམ་མདོར། སྡེ་མིང་མཁར་ནང་གོང་མ། ཕ་བློ་ལྡན་ཕུན་ཚོགས་དང་། མ་ཆོས་འཕགས་སྒྲོན་རྣམ་གཉིས་ཀྱི་བུ་ཤིང་རྟ་ལོ་པ། སྨིན་དཀྱིལ་སྤུ་དཀར་ཡོད་པ་ཅན། དགེ་རྩེའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང༌། དེ་མ་ཟད་དམ་པ་གོང་མའི་ལུང་གིས་ཟིན་ཚུལ་ནི། རྡོ་གྲུབ་ཆེན་བྱང་ཆུབ་རྡོ་རྗེའི་མ་འོངས་ལུང་བསྟན་བཀའ་རྒྱ་མཁའ་འགྲོའི་སྙིང་ཁྲག་ལསཿ གང་ཟག་དགོས་ལུང་དུ། བཿམ་འོངས་མཁར་གོང་ཞེས་པའི་ཡུལ་སྡེ་ན༔ རྡོ་ཡི་ལྷ་ཁང་སུམ་མདོའི་ས་ཕྱོགས་སུ༔ ཕ་ནི་བློ་མིང་མ་ནི་འཕགས་ལོ་ཞེས༔ བུ་ཆུང་ཤིང་རྟ་སྨེ་བ་གཅིག་དཀར་ཅན༔ འགྱུར་མེད་བསྟན་པ་རྣམ་རྒྱལ་སྤྲུལ་བ་དངོས༔ རང་ཡུལ་འགྲོ་དོན་མེད་པའི་བན་སྔགས་སྡང་༔ འཕགས་ཡུལ་བྱོན་ཚེ་འགྲོ་དོན་ཕྱོགས་མེད་རྒྱས༔ གསང་གསུམ་རིག་མ་གསུམ་གྱིས་སྐུ་ཚེ་བསྲིང་༔ སྐྱེས་བུ་དེ་ཡི་ཞལ་མཐོང་ཙམ་གྱིས་ཀྱང་༔ ལས་ངན་སྡིག་ཆེན་མང་པོའི་ལས་སྒྲིབ་འདག༔ དད་ལྡན་མང་པོ་རིག་འཛིན་གནས་སུ་འཁྲིད༔ བཀའ་རྒྱ༔ ཁྭཱ༔ འདི་ནི་འཁྲུངས་ཡུལ་ས་མིང་སྡེ་བ་ཕ་ཡབ་དང་མ་ཡུམ་གྱི་མཚན་སོགས་རྩ་བའི་ངོས་འཛིན་ལྟར་མཐུན་པར་བྱུང་ངོ༌། །ཡང་ཨོ་རྒྱན་རིན་པོ་ཆེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསུངས་པའི་བརྟག་པ་གཉིས་པའི་རྒྱུད་ལས༔ ལུས་པོ་བཅའ་རྒུར་མིག་སེར་དམར་བ་འམ༔ སྨིན་མ་དཀྱིལ་ན་སྤུ་དཀར་ཡོད་པ་དང་༔ པད་མཆི་མིག་རྩེར་སྨེ་བ་དམར་པོ་སོགས༔ འདུག་ན་དཔའ་བོ་ཡིན་པས་རོལ་བའི་མཆོག༔ ཅེས་གསུངས་པ་བཞིན། འབྲེལ་ཚད་དོན་ལྡན་དཔའ་བོའི་མཚན་རྟགས་ཡོངས་སུ་ཚང་ངོ་། ། ཡང་བདུད་འཇོམས་གླིང་པའི་ཁྲོས་མའི་ཁ་བྱང་ལས༔ གནས་ཀཿཐོག་ཏུ་འགྱུར་མེད་མཚན་ཅན་ལ༔ གསང་གསུམ་མི་འགྱུར་རྟགས་ཆེན་ནི༔ ལྟེ་སྨེ་དང་སྙིང་གར་ཤ་མཚན་ཅན༔ ལུས་མི་འགྱུར་རྟགས་ཀྱིས་སྤྲས་པ་གཅེས༔ དབྱངས་སྙན་དང་མགུར་གླུ་ལེན་མཁས་པ༔ དེ་ངག་གི་མཚན་རྟགས་མཆོག་ཏུ་གཅེས༔ ཏིང་འཛིན་གྱིས་འཆར་སྒོ་ཡངས་པ་ཅན༔ པད་འབྱུང་ལ་རྩེ་གཅིག་དད་ལྡན་པ༔ དེ་ཡིད་ཀྱིས་མཚན་རྟགས་མཆོག་ཏུ་གཅེས༔ ཞེས་གསུངས་པ་བཞིན་མཚན་གྱི་ཐོག་མ་དང་སྐུ་གསུང་ཐུགས་གསུམ་གྱི་རྟགས་དང་མཚུངས་སོ། །ཡང་རྒྱལ་རོང་གཏེར་སྨྱོན་གྱི་ལུང་ལས༔ སྐལ་ལྡན་བཞི་པ་ཀཿཐོག་བྱང་ཤར་མཚམས༔ རྒྱལ་མཚན་མིང་ཅན་དབང་གི་རྟགས་འཆང་བ༔ མ་བསླབ་ཆོས་རྣམས་གནས་ལུགས་ཤེས་པར་འབྱུང་༔ ཞེས་གསུངས་པས་དགེ་རྩེ་བཞི་པ་དང་འཁྲུངས་ཡུལ་མཚན་གྱི་མཐའ་སྐུ་ལུས་ཀྱི་རྟགས་སོགས་མཚུངས་སོ། །ཡང་གཙང་པ་གྲུབ་ཆེན་ནས། འདི་འོག་པདྨའི་རྒྱལ་ཚབ་རིག་པ་འཛིན། །རྒྱལ་མཚན་མིང་ཅན་ཟབ་མོའི་གཏེར་ལ་དབང་། ། ཟབ་གསང་སྙིང་པོས་སྐལ་ལྡན་གདུལ་བྱ་སྐྱོངས། །སྦས་པའི་རྣལ་འབྱོར་འབྲེལ་ཚད་དོན་ལྡན་འབྱུང་། །ཞེས་གསུངས་པ་གོང་གསལ་ལྟར་ལ། དགེ་རྩེ་གོང་མའི་སྐུ་ཕྲེང་གསོལ་འདེབས་ལས། །འགྱུར་མེང་དོན་གྱིས་གནས་ལུགས་ངེས་དོན་གྱི། །བསྟན་པ་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ། །ཞེས་གསུངས་པ་བཞིན་ད་ལྟའི་ཁོང་གི་མཚན་གསལ་བ་དང་། ཡང་གཡོན་རི་གཏེར་སྟོན་གྱི་གཏེར་ལུང་ལས༔ ཀཿ་ཐོག་མཁན་ཆེན་སྤྲུལ་བ་ནི༔ རྟ་ལོ་རྒྱལ་གྱི་མིང་ཅན་འབྱུང་༔ ཐུབ་པའི་འདུལ་བསྟན་བསྟན་པ་ནི༔ འཛམ་གླིང་མི་མཐའ་ཚུན་དུ་སྤེལ༔ ཞེས་གསུངས་པ་ཀཿཐོག་མཁན་ཆེན་དགེ་རྩེ་མ་ཧཱ་པཎྜི་ཏའི་སྐུ་ཕྲེང་བཞི་པ་རྟ་ལོ་རྒྱལ་མཚན་མིང་མཐའ་ཅན་གྱིས་འཛམ་གླིང་ཤར་ལྷོ་ནུབ་བྱང་གི་དད་ལྡན་མི་རིགས་རྣམས་ལ་དམ་ཆོས་སྤེལ་བ་དང༌། ཡང་དེ་ཉིད་ལས། ཀ་ལ་ལུང་པའི་ཕུ་ཕྱོགས་སུ༔ གྲུབ་པའི་དབང་ཕྱུག་ནག་པོ་པས༔ གྲུབ་རྟགས་བསྟན་ཞིང་གྲུབ་མཐའ་རྒྱས༔ ཞེས་གསུངས་པ། བལ་ཡུལ་ཡང་ལེ་ཤོད་ཀྱི་གཡས་ཕྱོགས་ངྷ་ཤིན་ཀ་ལའི་ཕུ་ཕྱོགས་སུ་སྒྲུབ་གྲྭ་ལོ་མང་བཟུང་པ་དང་། གྲུབ་ཆེན་ནག་པོ་སྤྱོད་པའི་སྤྲུལ་པ་ཡིན་པ། ཇོ་བོ་རྗེས་གྲུབ་རྟགས་ཀྱི་མཆོག འདོད་པ་ཆུང་བ་ཡིན་ཞེས་གསུངས་པ་བཞིན་འདོད་ཆུང་ཆོག་ཤེས་ངང་ནས། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་བཞག་རྒྱས་པར་གསུངས་པ་དང་མཚུངས་སོ། །ཡང་དེ་ཉིད་ལས། ཡང་ལེ་ཤོད་ཀྱི་སྒྲུབ་གནས་སུ༔ མཁར་ཆུ་སྤྲུལ་པའི་སྒྲུབ་གྲྭ་འཛུགས༔ ཁོལ་བུར་ཕན་བདེའི་དགའ་སྟོན་འབྱིན༔ ཞེས་གསུངས་པ་བཞིན་དགེ་རྩེ་གོང་མའི་སྐུ་ཕྲེང་གསོལ་འདེབས་ལས། རྒྱ་གར་ཡུལ་དུ་གྲུབ་ཆེན་ནག་པོ་པ། ཁ་བ་ཅན་དུ་ནམ་མཁའི་སྙིང་པོ་ཞེས་གསུངས་པ་བཞིན་ནོ། །ཡང་བདུད་འཇོམས་གསུང་སྤྲུལ་གཏེར་སྟོན་ཀུན་བཟང་ཉི་མའི་གང་ཟག་སྒེར་ལུང་དུ། སློབ་བུ་དྭ་ཏིས་ལ། རྗེ་ནག་པོ་སྤྱོད་པའི་སྤྲུལ་བ་ཞིག༔ གནས་ཛ་ལན་ངྷ་རའི་རྒྱན་ཞུགས་ན༔ བུ་ཁྱེད་ཀྱི་རྐྱེན་སྣང་དེ་ཡིས་སེལ༔ ཞེས་དང༌། །ཡང་སློབ་བུ་དོན་གྲུབ་རྒྱ་མཚོ་ལ། ། རྟོགས་པའི་ཡོན་ཏན་སྐྱབས་མགོན་བླ་མའི་མཐུས༔ འབད་མེད་རང་བྱུང་འབྱུང་ངོ་སྙིང་པོའི་གཏམ༔ ཞེས་དེ་བཞིན་དུ་རྟེན་འབྲེལ་ལེགས་གྲུབ་བྱུང་བ་སོགས་གཞན་ཡང་ཁ་ཤས་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། །སླར་སྨྲས་པ། །མི་ལོ་བརྒྱ་ཕྲག་དུ་མས་སྔོན་རོལ་ནས། །འབྱུང་འགྱུར་ལུང་བསྟན་མངོན་སུམ་གཟིགས་བཞིན་འདི། །སྔོན་བྱོན་དམ་པའི་མཁྱེན་གཟིགས་ཨེ་མ་ཧོ། །འདི་ལ་ཡིད་སྟོན་མི་བྱེད་སུ་ཞིག་ཡོད། །ཅེས་ཀུན་གཟུགས་དགེ་རྩེ་མ་ཧཱ་པཎྜི་ཏའི་སྐུ་ཕྲེང་བཞི་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་གི་སློབ་འབངས་སུ་གྱུར་པ་ཁྲོམ་ཐར་བླ་མ་བསྟན་འཛིན་ནོར་བུ་དང། བྲག་འགོ་བ་བླ་མ་ནོར་བུ་དགེ་འདུན། མགོ་ལོག་ཐུབ་བསྟན་བཟང་པོ་སོགས་ནས་ལོ་རྒྱུས་བསྡུས་པ་མཐོང་བ་དོན་ལྡན་འདི་རང་གི་ཚོགས་བསགས་དང་གཞན་དད་འདུན་རྣམས་ལ་སྤྲོ་བ་སྐྱེ་ཕྱིར་དུ། རབ་བྱུང་བཅུ་བདུན་པའི་ཆུ་སྤྲུལ་ཟླ་ ༡༡ ཚེས་༡ ཉིན་སྤེལ་བ་དགེ་གྱུར་ཅིག སརྦ་མངྒལཾ༎
དྲུག་པ། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་ཁྲི་སྟོན་མཛད་སྒོ།
བོད་མི་མང་རྙིང་མའི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་གཉིས་ཀྱིས་རབ་གནས་མེ་བྱ་ལོའི་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༥ ཉིན་འདི་གར་བཏང་གནས་ནང་འཁོད་དོན། བོད་རྒྱ་དམར་གྱིས་བཙན་བཟུང་བྱས་རྗེས་བཙན་བྱོལ་ནང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་མཚན་གནས་རིམ་པར་འབུལ་བཞེས་ཀྱི་ལམ་སྲོལ་ཆགས་པ་ནས་བཟུང༌། རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་བཅས་ཀྱི་དབུ་འཛིན་མཚན་བཞེས་ཀྱིས་བསྟན་འགྲོ་སྤྱི་བྱེར་ཕན་ཐོགས་རྒྱ་ཆེ་བྱུང་ཡོད།
སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་བསྟན་འགྲོའི་བསོད་ནམས་ཀྱིས་མ་ཐེག་པར་དགོངས་པ་གཞན་དོན་དུ་གཤེགས་རྗེས་གནས་དུས་ཀྱི་རྐྱེན་པས་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་གསར་དུ་གཏན་འཁེལ་ད་ལྟ་བར་བྱུང་ཐུབ་མེད།
ད་ལན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པ་ཚོགས་སྐབས་དང་འབྲེལ་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་། སྐུ་ཚབ་བཅས་ལྷན་འཛོམས་སར་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་གོ་བསྡུར་ཐག་ཆོད་བྱུང་བར་རྙིང་མའི་མ་དགོན་དྲུག་ནས། དེ་ཡང་དང་པོ་ཀཿཐོག་དང་། དེ་རྗེས་རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བླ་ཆེན་ཁག་རིམ་པས་དབུ་འཛིན་གྱི་མཚན་གནས་ལོ་གསུམ་རེ་རེས་མོས་བཞེས་གནང་རྒྱུའི་ཐག་གཅོད་བྱུང་དོན་བཞིན། ད་རེས་དཔལ་རྒྱལ་བ་ཀཿཐོག་པའི་བླ་ཆེན་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་མཚན་གནས་ཞལ་བཞེས་ལེགས་ཐོབ་བྱུང་ཡོད།
སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། མ་ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་ཟབ་རྒྱས་གནང་། དེ་རྗེས་སྤྲུལ་སྐུ་ཉི་ཟླ་མཆོག་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག ཀཿཐོག་རྨོག་ཚ་རིན་པོ་ཆེ། ཨ་འཛོམས་འབྲུག་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པར་མཛད།
ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་མདུན་དབང་ལུང་གདམས་ངག་མང་པོ་ཞུས་ཤིང་། འཕགས་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། འཛམ་གླིང་ཤར་ནུབ་མང་པོ་ཕེབས་ནས་བསྟན་འགྲོའི་དོན་མཛད་བཞིན་པ་བཅས། སླད་མར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་རྣམས་ལྷུན་གྱིས་འགྲུབ་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་རྒྱུ་བཅས།།
བདུན་པ། བསམ་ཡུལ་ལས་འདས་པའི་སྐྱབས་མགོན་ཀཿཐོག་དགེ་རྩེ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ཚུལ།
༈ ཤིན་ཏུ་བཀུར་བར་འོས་པའི་རྒྱལ་ཕྱི་ནང་ཕྱོགས་གང་སར་བཞུགས་ཡོད་པ་ཡོངས་ཀྱི་སྙན་ལམ་དུ་གུས་པས་ཆེད་དུ་ཞུ་སྙིང༌། དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགུང་སྙིང་རྟ་ཕྱི་ལོ་ ༡༩༥༤ བོད་ཟླ་དགུ་པའི་བོད་ཚེས་ ༢༢ ཉིན་མདོ་སྨད་མགོ་ལོག་ཏུ་སྐུ་འཁྲུངས་ཤིང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཀོད་ཁྱབ་འོག་བཞུགས་སྒར་དུ་ཆོས་ཚོགས་ཐེངས་བཅུ་གསུམ་པ་བསྐྱང་གཏན་འཁེལ་བ་ལྟར་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པ་སྟེ། ཕྱི་ལོ་ ༢༠༡༨ ལོའི་བོད་ཟླ་བཅུ་པའི་བོད་ཚེས་ ༡༠ ཕྱི་མའི་ཉིན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་དགོས་ངེས་པ་ལ་གྲ་སྒྲིག་གང་འཚམས་བྱས་པ་དང༌། ལམ་བར་ནས་ཀཿཐོག་ཨ་འཛོམས་དགོན་དང་ཀཿཐོག་གཞི་ཆེན་དགོན་གཉིས་ལ་ཉིན་འགར་བཞུགས་འཆར་ཞལ་བཞེས་གནང་ཡོད་ཀྱང་ཉིན་དེའི་ནུབ་མོར་ཁོང་གི་དངོས་སློབ་དད་པ་དམ་ཚིག་གཙང་ཞིང་ཐུགས་གཙིགས་ཤིན་ཏུ་ཆེ་བའི་ཞབས་ཏོག་པ་རི་ཁྲོད་པ་བླ་མ་གོང་འཕེལ་དང༌། རི་ཁྲོད་པ་བླ་མ་གུ་རུ་གཉིས་ལ་ཁོང་གིས་དངོས་སུ་གསུངས་པ་འདིར་མདོར་བསྡུས་ཙམ་ཞིག་ཞུས་ན་མི་རྟག་པའི་གཏམ་དང་འབྲེལ་ནས་༼སང་ཉིན་ང་ཤི་འདུག་ཡོད་ན་གུ་རུ་ཁྱེད་གཉིས་ཀས་ཤིང་ཨེ་རག་མི་ཤེས་སྣུམ་ཉོས་ནས་ཕ་གའི་རིའི་སྒང་དུ་མེ་བསྲེག་གཏོང་དགོས་༽ཞེས་དང༌། ཚེས་ ༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཡས་མས་སུ་ཞབས་ཏོག་པ་བླ་མ་གོང་འཕེལ་དང་མཉམ་དུ་རིན་པོ་ཆེའི་ཐུགས་དགོངས་ནང་བཞིན་རྐང་ལམ་བརྒྱུད་ཞབས་ཐང་ཕེབས་སྐབས་སུ། གློ་བུར་དུ་ལམ་འཕྲང་མི་བདེ་སར་ཕེབས་པ་ན་ཁོང་གི་ཞབས་ཏོག་པ་གོང་འཕེལ་གྱིས་རིན་པོ་ཆེ་འདི་ནས་མ་ཕེབས་མ་གཏོགས་ལམ་ཁ་མི་འདུག་ཅེས་ཞུས་ཚེ་༼ཁྱོད་ནི་སྙིང་རྗེ་སྡུག་ལྡན་གྱི་ཕུང་པོ་འདི་ལ་ཅི་འདྲའི་ཞེན་ཆགས་ཆེན་པོ་ཞིག་རེད་འདུག་ཨ་༽ཞེས་སོགས་གསུང་བཞིན་ཤར་རྒྱག་ཕེབས་མཚམས་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཡས་མས་སུ་ཕེབས་ལམ་ནས་ཞབས་སྣེ་འདྲེད་པའི་རྐྱེན་བྱས་ཏེ་གློ་བུར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་སོང་བ་ལགས་ན། ཞིང་གཤེགས་དམ་པ་ཁོང་གི་ས་ལམ་གྱི་མངོན་རྟོགས་ལ་ཉེ་ཞོ་གང་ཡང་མེད་ཕྱིར་དང་། འབྲེལ་ཐོགས་ཀུན་ལ་སྐྱབས་འཇུག་ཡང་ཡང་ཞུ་རྒྱུ་དང༌། ལྷག་པར་དུ་༸སྐྱབས་རྗེ་ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་མཆོག་གི་ཞལ་བཀོད་ལྟར་བལ་ཡུལ་སྔ་འགྱུར་ཀཿཐོག་ཨ་འཛོམས་དགོན་འདུས་སྤྱི་དང་། བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་འདུས་སྤྱི་གཉིས་ཀྱི་གཙོ་འགན་བཞེས་ཏེ་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་། མགོ་ལོག་ཐེབས་རྩ་ཁང་དང༌། སྐལ་བཟང་རྡོ་རྗེ་ནང་མི་བཅས་ལྷན་འཛོམས་ཐོག་འབྲེལ་ཡོད་ཐུན་མོང་ནས་དམིགས་བསལ་ཙམ་མ་གཏོགས་སྤྱིར་བཏང་ཞག་གསུམ་རིང་གསང་རྒྱ་དམ་པོ་བྱེད་རྒྱུ་བཅས་དགོངས་རྫོགས་འགྲོ་དང་འགྲོ་མུས་སུ་མཆིས། ཟླ་བ་དེའི་བོད་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པར་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་སྐུ་གདུང་མཇལ་ཁ་གནང་རྒྱུ་ཐག་ཆོད་བྱུང་ཡོད། བོད་རྒྱལ་ལོ་ ༢༡༤༥ སྟོན་པའི་འདས་ལོ་ ༢༥༦༢ རབ་བྱུང་ ༡༧ རྣམ་འཕྱང་ཞེས་པ་འབྱུང་བ་བཞི་ལྡན་ས་ཁྱི་དཀར་ཕྱོགས་སྟོང་པ་གསུམ་པ་སྟེ། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༡ སྤྱི་ཚེས་ ༢༢ ཉིན་ཞིང་གཤེགས་དམ་པ་ཁོང་གི་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང༌། བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་འདུས་སྤྱི་དང་། སྔ་འགྱུར་ཀཿ༔ཐོག་ཨ་འཛོམས་དགོན་འདུས་སྤྱི་དང་། མགོ་ལོག་ཐེབས་རྩ་ཁང་དང་། སྐལ་བཟང་རྡོ་རྗེ་ནང་མི་བཅས་འབྲེལ་ཡོད་ཐུན་མོང་ནས་གུས་པ་ཆེན་པོས་སྒོ་ནས།
གསལ་བཤད་ཞུ་རྒྱུར་ད་ལན་དཔལ་ལྡན་ཆོས་རིག་ལས་ཁུངས་ནས་༸སྐྱབས་རྗེ་རིན་པོ་ཆེའི་རྣམ་ཐར་རྒྱས་བསྡུས་གཉིས་གནང་དགོས་ཞེས་གསུང་བ་ལྟར་༸སྐྱབས་རྗེ་རིན་པོ་ཆེའི་རྣམ་ཐར་ཕྱོགས་ཡོངས་ནས་འཚོལ་སྡུད་བྱས་ཀྱང་རྣམ་ཐར་རྒྱས་པ་ཞིག་རྙེད་སོན་མ་བྱུང་བར་སྔར་ཡོད་བཀའ་ཤོག་དང་ལུང་བསྟན་རྣམས་ཕྱོགས་བསྡུས་བྱས་ནས་ཕུལ་ཡོད།། །།
ཞེས་ཕྱོགས་སྒྲིག་པ་འཕགས་ཡུལ་ཀཿཐོག་དགོན་པ་དང་རྒྱ་ཤོད་སྐྱབས་སྤྲུལ་ནས་གུས་ཕུལ།།
