༄༅། །འཕགས་པའི་ཡུལ་དུ་གནས་བརྟན་བ་ཀུ་ལའི། །སྤྲུལ་བའི་སྐུ་མཆོག་མཚལ་མིན་བསོད་ནམས་བཟང་། །ཀུན་མཁྱེན་ཆེན་པོའི་དགོངས་བརྒྱུད་གཅེས་འཛིན་པ། །མཁན་སྤྲུལ་ཆོས་ཀྱི་སྣང་བའི་ཞབས་ལ་འདུད། །
ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་ངག་དབང་ཆོས་ཀྱི་སྣང་བ་མཆོག་ནི། ཡབ་ངག་སྦྱིན་རྡོ་རྗེ་དང་ཡུམ་ལྷ་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ། བོད་རབ་བྱུང་ ༡༧ པའི་བགྲང་བྱ་ ༣༧ པ་ཆུ་མོ་ཡོས་ཕྱི་ལོ་ ༡༩༧༠ ཟླ་ ༦ ཚེས་ ༢༡ ཉིན་སྐུ་བལྟམས། བླ་མ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མཆོག་གིས་ཆོས་ཀྱི་སྣང་བ་ཞེས་མཚན་གསོལ། དགུང་ལོ་བཅོ་ལྔའི་སྐབས་སྐྱབས་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་མཆོག་གི་དྲུང་དུ། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དུས་གཅིག་ཏུ་མནོས་ཏེ་ངག་དབང་ལྷུན་གྲུབ་རྒྱ་མཚོ་ཞེས་མཚན་གསོལ།
རྡོ་རྗེ་སློབ་དཔོན་བླ་མ་རིན་ཆེན་དཔལ་བཟང་དང་། བྱིན་རླབས་དོན་བརྒྱུད་གྱི་རྡོ་རྗེ་སློབ་དཔོན་ཞེ་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བླ་མ་ངག་དབང་ཡོན་ཏན་བཟང་པོ་གཉིས་ཀྱི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་སྔོན་འགྲོ་ནས་བཟུང་སྦྱོར་བ་ཡན་ལག་དྲུག་དང་། རྟ་མགྲིན་དང་། འབྱུང་པོ་འདུལ་བྱེད་ཀྱི་མཚམས་སྒྲུབ་ལ་ལོ་དགུའི་རིང་ལ་བཞུགས། ཇོ་ནང་སྐྱབས་མགོན་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་དང་། སྨྲ་བའི་དབང་ཕྱུག་བླ་མ་བློ་བཟང་ཕྲིན་ལས། རྟོགས་པའི་དཔལ་མངའ་བླ་མ་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་མདུན་ནས་དཔལ་རྒྱལ་བ་ཇོ་ནང་བའི་ཐུན་མོང་མ་ཡིན་པའི་ལུགས་ཀྱི་དབང་ལུང་མན་ངག་ཐེངས་དུ་མར་ཐོབ་ཅིང་། ཉམས་དང་རྟོགས་པས་ཐུགས་རྒྱུད་ཡོངས་སུ་གཏམས།
ཕྱི་ལོ་ ༡༩༨༦ ལོར་ཆོས་རྗེ་བླ་མ་ཡོན་ཏན་བཟང་པོ་མཆོག་གིས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རང་འདྲའི་བུ་ཆེན་བཅུ་བཞིའི་ཡ་གྱལ་གནས་བརྟན་བ་ཀུ་ལའི་སྤྲུལ་བ་མཚལ་མིན་པ་བསོད་ནམས་བཟང་པོ་མཆོག་གི་སྐུའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད། ཇོ་ནང་བསྟན་པའི་མངའ་དག་རྗེ་བཙུན་བླ་མ་ཡོན་ཏན་བཟང་པོ་མཆོག་གི་བཀའ་དགོངས་བཞིན། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྙིང་མ། ས་སྐྱ། བཀའ་བརྒྱུད། ཇོ་ནང་དགེ་ལུགས་སོགས་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་རྣམས་ཀྱི་བདུན་ནས་མདོ་སྔགས་རིག་གནས་ལེགས་པར་སྦྱོང་བ་མཛད། ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཨ་ཁུ་དགེ་འདུན་རྒྱ་མཚོ་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས། ཨ་མཆོག་རྡོ་རྗེ་འཆང་། མཁན་ཆེན་ཁྲོ་རུ་ཚེ་རྣམས་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མ་ལས་དབང་ལུང་མན་ངག་དུ་མ་གསན།
ཕྱི་ལོ་ ༡༩༩༣ ལོ་ནས་འཕགས་ཡུལ་རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་གྱི་ཡ་གྱལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕར་ཚད་དབུ་མ་སོགས་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐུགས་བརྩོན་གྱིས་སློབ་གཉེར་མཛད། སྐྱེ་འགྲོ་ཡོངས་ཀྱི་རྣམ་འདྲེན་ཆེན་པོ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚར་ལྔ་དང་། མགོན་པོ་ཀླུ་སྒྲུབ་གྱི་གསང་འདུས་མདོར་བྱས་མདོ་བསྲེ་དང་། ལམ་རིམ་ཁྲིད་ཆེན་བཅོ་བརྒྱད། སྤྱོད་འཇུག་ཀུན་བཟང་བླ་མའི་ཞལ་ལུང་། ཇོ་ནང་ཁྲིད་བརྒྱ་སོགས་དུ་མར་གསན།

ཕྱི་ལོ་ ༡༩༩༧ ལོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གིས་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཕྱིར་དུ། འཕགས་ཡུལ་ནུབ་བྱང་ཧི་མ་ཅལ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་སིམ་ལ་རུ་ཆགས་པའི་སངས་རྒྱས་ཆོས་གླིང་དགོན་པ་རྟེན་དང་བརྟེན་པ་བཅས། ཇོ་ནང་བསྟན་པའི་མངའ་བདག་རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་པར་སྤྲུལ་བ་༧སྐྱབས་མགོན་ཁལ་ཁ་(ཧལ་ཧ་)རྗེ་བཙུན་དམ་པའི་མཚན་ཐོག་ཏུ་གནང་བ་དང་། ཕྱི་ལོ་ ༡༩༩༨ ལོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་རིན་པོ་ཆེ་མཆོག་དང་། ༧སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་རྣམ་གཉིས་ཀྱིས་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་རབས་དང་པོར་བསྐོ་བཞག་གནང་སྟེ། དེ་གར་བགྲང་བྱ་བཅུ་གཉིས་ལྷག་གི་རིང་ལ་མཁན་པོའི་མཛད་འགན་བཞེས། ༢༠༠༤ ལོ་ནས་རྡོར་སློབ་ཀྱི་མཛད་ཁུར་བཞེས་ཏེ་ཇོ་ནང་མ་དགོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་དང་། སྔོན་འགྲོ། དངོས་བཞི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གསར་འཛུགས་མཛད།
དེ་དང་ཆབས་ཅིག་ཏུ། དེ་གའི་བོད་ཀྱི་གཞིས་གྲོང་ཁག་དང་ཧི་མ་ལ་ཡའི་ཡུལ་མི་དག་ལ། ནང་ཆོས་ངོ་སྤྲོད་དང་དབང་ལུང་མན་ངག་དུ་མ་བསྩལ་པ་མ་ཟད་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བོད་དང་ཧི་མ་ལ་ཡའི་མི་རིགས་སོགས་ཀྱི་མཁས་དབང་རྣམས་ཀྱིས་གོ་སྒྲིག་མཛད་པའི་རིག་གནས་བགྲོ་གླེང་གང་མང་ལ་མཉམ་ཞུགས་ཀྱང་གནང་། ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ལོ་གསུམ་གྱི་རིང་ལ། གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་སྨོན་ལམ་ཆེན་མོའི་བསྟན་པའི་སྦྱིན་བདག་མཛད། བལ་ཡུལ་ཇོ་ནང་དགོན་དུ་ ༢༠༠༩ ལོར་གྲྭ་གཞོན་རྣམས་ལ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམས་པ་གནང་ཏེ་གཡར་གནས་གསར་འཛུག་མཛད།
ཕྱི་ལོ་ ༢༠༡༤ ལོར་ལ་དྭགས་དུས་འཁོར་དབང་ཆེན་ཐེངས་སོ་གསུམ་པའི་སྐབས་གཞིས་བྱེས་ཇོ་ནང་སེར་སྐྱ་ཡོངས་ནས་ཇོ་ནང་བསྟན་པའི་རྒྱལ་ཚབ་ཏུ་མིང་མོས་ཐོག་མཚན་གསོལ་ཕུལ། ༧གོང་ས་༧སྐྱབས་མགོན་མཆོག་གིས་ལེགས་གསོལ་རྒྱབ་གཉེར་དང་ཤེས་སྨོན་བསྩལ། ད་ལྟའི་ཆར་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། བྱེ་བྲག་རྒྱལ་བ་ཇོ་ནང་བའི་བསྟན་པར་དོན་གཉེར་ཅན་དག་ལ་ནང་ཆོས་ངོ་སྤྲོད་དང་། དབང་ལུང་མན་ངག་སོགས་ཀྱི་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་སྐུ་འཚོ་ཞིང་བཞུགས་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་སློབ་མ་རྣམས་ལ་དཔལ་རྒྱལ་བ་ཇོ་ནང་བའི་རིང་ལུགས་ཀྱི་དུས་འཁོར་སྦྱོར་དྲུག་གི་སྔོན་འགྲོ་ཆོས་བདུན་ལོ་བདུན་གྱི་རིང་ཉམས་ལེན་གྱི་ས་བཅད་བགོས་ཏེ་འཛིན་གྲྭ་གསར་འཛུགས་མཛད། ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་། ཨི་ཊ་ལི། ཧང་གྷི་རཱས། བྷེལ་ཇམ། སི་ལོ་ཝ་ཁི་ཡ། སུད་སི། མེ་གླིང་ལྷོ་མའི་རྒྱལ་ཁབ་བྷར་ཟིལ། ཤར་གླིང་ཐའི་ཝན། མ་ལེ་ཤི་ཡ། སང་ག་པོར་བཅས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཇོ་ནང་བའི་ཆོས་ཚོགས་གསར་འཛུགས་དང་། ཐེ་ཝན་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་གསར་འཛུགས་མཛད།
ལྷག་པར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་ཐུགས་བརྩེ་ཆེན་པོས་བཀའ་སློབ་ལམ་སྟོན་ལྟར། ༧གོང་ས་མཆོག་ནས་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་ཞེས་དགོན་པའི་མཚན་བསྩལ་བ་བཞིན། བཞུགས་སྒར་དྷ་སའི་ཉེ་འཁྲིས་ནོར་བུ་གླིང་ག་རུ། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ པའི་ཚེས་ ༦ ལ་དགོན་པ་གསར་འཛུགས་དང་། ད་ལྟའི་ཆར་དུས་འཁོར་གྲྭ་ཚང་གི་ཕྱིའི་འཛུགས་སྐྲུན་དང་། ནང་གི་བཤད་སྒྲུབ་ཟུང་འབྲེལ་སོགས་འཁོར་ལོ་གསུམ་གྱི་ལས་ལ་བྲེལ་མུས་དང་། ཤིང་ནག་འདེབས་འཛུག དབུལ་སྐྱོབ་སྦྱིན་གཏོང་།
དེ་མཚུངས་བཀའ་བརྒྱུད་མི་རིག་འབོ་དཀར་དགོན་གྱི་སྦྱོར་དྲུག་སྒྲུབ་ཁང་དུ་གདན་ཞུ་གནང་བ་ལྟར། རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་བཞེས་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གསར་འཛུགས་མཛད་དེ། ལོ་གསུམ་ཕྱོགས་གསུམ་གྱི་མཚམས་པ་དག་ལ་དཔལ་ཇོ་ནང་བའི་བླ་མ་གོང་མ་རྣམས་ཀྱི་མན་ངག་བཞིན་སྦྱོར་དྲུག་གི་སྔོན་འགྲོ་དངོས་གཞིའི་དམར་ཁྲིད་དང་། འཕོ་བའི་གདམས་པ་བཅས་ལོ་གསུམ་རིང་གནང་བ་དང་། མེའེ་འོ་གཞི་ཆགས། བལ་ཡུལ་དོལ་པོ་ལྷ་སྡེ་དང་ཐེ་ཝན་གི་རྒྱལ་ས་ཐེ་པེ་སོགས་སུ་དད་ལྡན་སྟོང་ཕྲག་དུ་མར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྐུར་བ་སོགས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་གནང་མཛད།
ཕྱི་ལོ་ ༢༠༡༨ ལོར་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་གཙོས་ཕྱི་བཞུགས་ཇོ་ནང་གི་གནད་ཡོད་མི་སྣ་རྣམས་ཀྱིས་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་སླར་ཡང་བྱིས་བཞུགས་ཇོ་ནང་བསྟན་བདག་ཁྲི་རབས་གཉིས་པར་དུས་ཡུན་ངེས་མེད་དུ་བཞུགས་རྒྱུར་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༩ རེས་གཟའ་ལྷག་པའི་ཉིན། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། རོང་ཆེན་བསྟན་པའི་སྒྲོན་མེ་བཀའ་ཟུར་ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་སྐུ་ཚབ་ཀྱི་གཙོས། གལ་ཆེའི་མི་སྣ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ཆེད་ཕེབས་གནང་སྟེ། ཇོ་ནང་བྱིས་བཞུགས་བསྟན་བདག་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་འདོན་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ། བཞུགས་སྒར་ཉེ་འཁྲིས་ནོར་བུ་གླིང་གར་རྟེན་གཞི་ཆགས་པའི་ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་དུ་གནང་ཡོད་པ་བཅས།
མདོར་ན། དེང་གི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལུགས་གཉིས་ཀྱི་བསླབ་བྱའི་འོག་སྐྱབས་རྗེ་ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་ངག་དབང་ཆོས་ཀྱི་སྣང་བ་མཆོག་རིས་སུ་མ་ཆད་པའི་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་རྒྱལ་བ་ཇོ་ནང་བའི་བསྟན་པར་ཕན་པའི་མཛད་པ་རླབས་ཆེན་དུ་མ་སྐྱོང་བཞིན། སྐུ་མི་ཤིགས་རྟག་བརྟན་གཡུང་དྲུང་གི་ངོ་བོར་འཚོ་ཞིང་བཞུགས་མུས་དང་། ཐུན་མོང་གདུལ་བྱའི་སྣང་ངོར་གང་གི་མཛད་འཕྲིན་ཆེས་ཉུང་བསྡུས་སུ་བཀོད་པ་རྒྱ་མཚོ་ཆེན་པོ་ནང་གི་ཆུ་ཐིགས་ཙམ་དུ་སྤྲོས་པ་དགེ།། །།