སྟག་ལུང་༸སྐྱབས་མགོན་གྭ་ཟི་ཁྲི་འཛིན་ཞབས་དྲུང་རིན་པོ་ཆེ་མཆོག

༄༅། །སྟག་ལུང་༸སྐྱབས་མགོན་གྭ་ཟི་ཁྲི་འཛིན་ཞབས་དྲུང་རིན་པོ་ཆེ་མཆོག་ནི་བོད་མིའུ་གདུང་དྲུག་གི་ནང་ཚན་སྟག་ལུང་གྭ་ཟིའི་གདུང་ཞེས་པ་དང་། ཕྱིས་སུ་ཡོངས་གྲགས་སྡེ་དཔོན་མདོ་མཁར་བའམ་གཟིམས་ཤག་རག་ཁ་ཤག་ཞེས་པའི་ཁྱིམ་ལས་གདུང་རྒྱུད་ལམ་ནས་ཕེབས་པ་ཞིག་ཡིན། དཔལ་སྟག་ལུང་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་འབྱེད་ཐང་པ་རིན་པོ་ཆེ་ནས་མི་ཐོག་བདུན་བར་ཁམས་ནས་དབུས་སུ་ཕེབས་མཁན་ཤ་སྟག་ཡིན་པས་ཁམས་བྱོན་བདུན་ཞེས་གྲགས་ལ་རིམ་བཞིན་ཁྱིམ་གཞིས་དབུས་སུ་སྤོས། ༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བཟུང་སྟེ་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་བར་ཆད་མེད་ཀྱིས་གཞུང་ཞབས་བྱས་མྱོང་བའི་ཁྱིམ་གཞིས་ལོ་རྒྱུས་ལྡན་པ་ཞིག་མ་ཟད། ༸རྒྱལ་བ་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་བཀའ་ཤག་ཐོག་མར་བཙུགས་པའི་ནང་གི་བཀའ་བློན་དང་པོ་བཞིའི་ཡ་གྱལ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ཡང་གཟིམས་ཤག་འདི་ནས་ཡིན། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་བཙན་བྱོལ་དུ་ ཕེབས་སྐབས་སུ་རག་ཁ་ཤག་སྡེ་དཔོན་ཡང་བདེ་སྲུང་ཆིབས་ཞབས་ཚུལ་དུ་བྱེས་སུ་འབྱོར་རྗེས་འབྲས་ལྗོངས་སུ་ཁྱིམ་གཞིས་ཆགས།

སྟག་ལུང་༸གྭ་ཟི་ཁྲི་འཛིན་ ༢༦ པ་མཆོག་ནི། ཕྱི་ལོ་ ༡༩༩༡ ལོར་རག་ཤག་སྲས་ཚེ་སྟོབས་ལགས་དང་ལྕམ་ཆུང་ས་ འདུ་ཚང་བསོད་ནམས་ལྷ་མོ་ལགས་གཉིས་ཀྱི་སྲས་སུ་འཁྲུངས། ཡུམ་གྱི་ལྷུམས་སུ་ཟླ་བ་གསུམ་ཙམ་ནས་སྔ་འགྱུར་ རྙིང་ན འེ་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་༸བྱ་བྲལ་སངས་རྒྱས་རྡོ་རྗེ་ནས་མཚན་དུ་རང་རིག་རྡོ་རྗེ་ཉི་མར་གསོལ། དེ་ནས་ ༡༩༩༤ ལོར་སྟག་ལུང་༸སྐྱབས་མགོན་གྭ་ཟི་ཁྲི་འཛིན་ ༢༥ པ་ཞབས་དྲུང་ཐུབ་བསྟན་བྱང་ཆུབ་ཆོས་ཀྱི་ཉི་མ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། ༡༩༩༨ ལོར་༸གོང་ས་མཆོག་གིས་ཡབ་ཚེ་སྟོབས་ལགས་ལ་༸སྟག་ལུང་ཞབས་དྲུང་གྭ་ཟི་ཁྲི་འཛིན་དེ་སྔར་ནས་གདུང་རྒྱུད་ལམ་ནས་ཕེབས་ཤིང་ད་ཆ་སྲས་ཆུང་བ་འཁྲུངས་དུས་ནས་གསུང་ངག་མ་ཐོན་པས་སྲས་འདྲེས་པ་ལས་བླ་མར་འོས་ཐབས་མེད་ཞིང་གདུང་ཡང་འཛིན་དགོས་པས་མ་འོངས་སངས་རྒྱས་བསྟན་པ་སྤྱི་དང་སྒོས་སུ་སྟག་བསྟན་ལ་ཕན་པ་དགོངས་ནས་ཟན་སྒྲིལ་ཐེངས་གསུམ་གནང་ནས་གསུམ་ཀར་གདུང་འཛིན་དང་བླ་མའང་གནང་རྒྱུ་བཟང་ཕེབས་ཀྱིས་དེ་བཞིན་ཐུགས་གཏན་ཁེལ། དེ་ནས་ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༡༡ ནང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་ཆིབས་བསྒྱུར་ཀྱིས་དབུ་སྐྲ་གཙུག་ཕུད་བཞེས།

བྱེས་སུ་སྟག་ལུང་དགོན་པ་མེད་པས་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ནས་བྱེས་ཀྱི་འབྲི་གུང་བཀའ་བརྒྱུད་གདན་ས་བྱང་ཆུབ་གླིང་དུ་ཁྲི་འདོན་ཟབ་རྒྱས་གནང་། དེ་རྗེས་ཕྱི་ལོ་ ༢༠༠༦ བར་དེར་གསན་བསམ་གནང་བ་དང། དེ་ནས་ཐེངས་གཅིག་༸གོང་ས་མཆོག་དང་མཇལ་འཕྲད་སྐབས་རིགས་ལམ་སློབ་གཉེར་ཁང་དུ་སྐུ་ཡོན་མུ་མཐུད་བཞེས་པ་ལེགས་ཚུལ་བཀའ་སློབ་ཕེབས་པ་གཞིར་བཟུང་དེར་ ༢༠༡༧ བར་གསན་བསམ་གནང་ངོ༌།། །།

keyboard_arrow_up