འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་བློ་བཟང་རྡོ་རྗེ་མཆོག
ཕུན་ཚོགས་སྐུ་བཞིའི་གོ་འཕང་མངོན་གྱུར་ཏེ། ། ཚོགས་གཉིས་དགེ་ལེགས་མཆོག་ཏུ་སྩོལ་མཛད་ཅིང་།།
བདུད་བཞིའི་དགྲ་ལས་རྒྱལ་བའི་བཅོམ་ལྡན་མས། ། འཆི་མེད་དངོས་གྲུབ་ཆར་དུ་བསྙིལ་བར་མཛོད།།
མཁྱེན་རབ་གཏེར་ཆེན་འཇམ་དཔལ་སྙིང་པོ་ཡི། ། མདོ་སྔགས་ལེགས་བཤད་ཕྱོགས་མཐར་སྤེལ་བ་ལ།།
ལྷུན་གྲུབ་འཕྲིན་ལས་རྒྱུན་མི་ཆད་པ་ཡི། ། ཟླ་མེད་བླ་མའི་ཞབས་པད་གཙུག་གིས་མཆོད། །
ཅེས་དྲང་སྲོང་བདེན་པའི་དབྱངས་ཀྱིས་ཤིས་པར་བརྗོད་པའི་བདེན་ཚིག་མེ་ཏོག་མན་དྷ་ར་བའི་ཚོམ་བུ་ཕྱོགས་ཀྱི་ཐ་གྲུའི་རྒྱན་དུ་མངོན་པར་སྤུད་པས་ཕན་བདེའི་སྒོ་བརྒྱ་ཡངས་པོར་ཕྱེ་བས་སྔུན་བསུས་ཏེ། དེ་ཡང་ཇི་སྐད་དུ། འཇམ་མགོན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ཉི་མ་དཔལ་བཟང་པོ་མཆོག་གི་གསུང་ལས། འཇམ་དཔལ་སྙིང་པོ་མདོ་སྔགས་ཆོས་ཀྱི་ཚུལ། །དྲི་མེད་ལུང་རིགས་སྟོབས་ཀྱིས་འབྱེད་མཁས་ཤིང་། །རྣམ་དག་སྡོམ་གསུམ་ཁྲིམས་ཀྱིས་ཀུན་ནས་བཙུན། །རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས། །
ཞེས་ཇི་སྐད་གསུངས་པ་བཞིན་ཡུལ་གྱི་གནས་ལུགས་ལ་དཔྱད་པའི་ཤེས་རབ་རྒྱ་ཆེན་པོ་དང་ལྡན་ཞིང་། མངོན་པ་དང་མདོ་སྡེ་ནས་གསུངས་པ་ལྟར། སངས་རྒྱས་སྟོང་དུ་ཕེབས་པའི་བསྐལ་བཟང་རྣམ་འདྲེན་བཞི་པ་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ། ཚུལ་གསུམ་རིགས་པའི་ལམ་གྱིས་འཛིན་སྐྱོང་སྤེལ་བར་བགྱིས་པ་འདི་ཡིས། ལུང་རྟོགས་ཀྱི་ཆོས་ཚུལ་དྲི་མ་མེད་པའི་རིང་ལུགས་བཟང་པོ་འདི་ཉིད། བླང་དོར་གསལ་བར་འབྱེད་པའི་ཤེས་རབ་གྱི་སྒོ་འཕར་ཡངས་པོ་བརྒྱ་ཕྲག་མངོན་པར་ཕྱེ་བས། ལྟ་གྲུབ་ཀུན་ལས་རྣམ་པར་རྒྱལ་བའི་དགེ་མཚན་གྱི་དར་ཆེན་བླ་ནས་བླ་རུ་སྒྲེང་མཁས། དེ་ཡང་ཇི་སྐད་དུ། རྗེ་བདག་ཉིད་ཆེན་པོའི་གསུང་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །
ཞེས་རྨད་བྱུང་ངོ་མཚར་ཕུལ་དུ་བྱུང་བའི་གཞན་གྱི་དོན་དུ་སངསརྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པའི་ཐུགས་བསྐྱེད་གསེར་གྱི་ཡུ་བ་བརྟན་པོར་བཙུགས་པས་མདོ་སྔགས་རིག་གནས་དང་བཅས་པ་དང་པོར་གྲོགས་མང་པོའི་ལྷན་དུ་དང་། དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས། འབད་པ་ཆེན་པོའི་རླུང་གི་ཤུགས་ཀྱིས་ཐོས་པའི་བ་དན་དཀར་པོ་ལྷབ་ལྷུབ་ཏུ་བསྐྱོད། བར་དུ་ཐོས་པའི་དོན་ལ་ཤིང་རྟ་ཆེན་པོ་གཉིས་ནས་བརྒྱུད་པའི་དྲི་མ་མེད་པའི་ལུང་རིགས་ཀྱིས་དཔྱད་ནས་ངེས་ཤེས་ཀྱིས་སྒྲོ་སྐུར་ཐམས་ཅད་དང་བྲལ་བས། བཀའ་བསྟན་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་མཐའ་དག་གཞན་དོན་དུ་འཚང་རྒྱ་བའི་གདམས་ངག་ཏུ་ཤར། ཐ་མར་ཉིན་མཚན་གྱི་དུས་དང་སྤྱོད་ལམ་རྣམ་བཞིའི་སྐབས་ཐམས་ཅད་དུ་རྣལ་འབྱོར་ཉམས་སུ་བླངས།
དེ་ལྟར་རང་གིས་ཉམས་སུ་བླངས་པའི་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དབྱར་གྱི་མཚོ་ཆེན་ལྟར་རྒྱས་པའི་སླད་དུ་བསྔོས་པའི་ནོར་བུའི་ཏོག་རབ་ཏུ་མཛེས་པའི་འོད་ཆེམ་ཆེམ་དུ་འབར་བའི་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་རྡོ རྗེ་འཇམ་དཔལ་མཁས་བཙུན་དཔལ་བཟང་པོ་མཆོག་ནི།
རྗེ་བདག་ཉིད་ཆེན་པོའི་གསུང་ལས། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར། སྟོན་པ་ཐུགས་རྗེ་ཅན་དགེ་བའི་བཤེས་གཉེན་རྣམ་རོལ་དུ་བྱོན་པ་རྗེ་བཙུན་བླ་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་རྣམས་ས་ལམ་མཐོན་པོར་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དང་ཉན་རང་རྣམས་ཀྱིས་ཇི་ཙམ་བརྟགས་ཀྱང་བློ་ཡུལ་དུ་མ་གྱུར་ན་བདག་ལྟ་བུས་ཇི་བཞིན་དུ་བརྗོད་པ་སྨོས་ཅི་འཚལ། འོན་ཀྱང་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་རྩྭའི་ཟེགས་མ་ཙམ་ཞིག་བླངས་ཏེ་བརྗོད་ན།
ཕྱི་ལོ་ ༡༩༣༧ ཟླ་ ༦ ཚེས་ ༢༥ ཉིན་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བདག་གིར་བཞེས་པའི་ཞིང་ཁམས་རང་ཡུལ་གངས་ཅན་ལྗོངས་ཀྱི། མདོ་སྟོད་ས་ཡི་ཐིག་ལེ། གསེར་ལྡན་འབྲི་ཟླའི་ཆུ་ཀླུང་ཆེན་པོ་དལ་གྱིས་འབབ་པའི་རྒྱུད་དུ་གཞིར་ཆགས་པའི་སྨར་ཁམས་ཚྭ་ལྷོ་རྫོང་། གྲུབ་དབང་གངས་དཀར་བླ་མ་རིན་པོ་ཆེ་དཀོན་མཆོག་ཆོས་གྲགས་སྐུ་བལྟམས་པས་བྱིན་རླབས་ཅན་གྱི་གནས། ཆ་བཞི་ཚོ་དྲུག་ཞེས་པའི་ཡུལ་དུ་ཡབ་མགོན་པོ་ཚེ་རིང་དང༌། ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་དྲུག་བཞེས་པའི་ཚེ་བྱང་དམར་གྲོང་གཙང་རིང་ནང་པ་ཞེས་པའི་རང་ཁྱིམ་དུ་ཡབ་དམ་པའི་དྲུང་ནས་ཡི་གེ་འབྲི་ཀློག་དང་། སྔགས་ཡིག་ཀློག་ཐབས། རྩིས་སོགས་སྦྱངས་པས་དཀའ་ཚེགས་མེད་པར་བདེ་བླག་ཏུ་མཁྱེན།
སྨོན་ལམ་རྣམ་བརྒྱད་དང་འཇམ་དཔལ་མཚན་བརྗོད་སོགས་ཆོས་སྤྱོད་རིགས་མི་འདྲ་བ་མང་པོ་མཚན་མོ་སྒྲོན་འོད་ལ་བརྟེན་ནས་ཀྱང་འབད་བརྩོན་ཆེན་པོས་ཐུགས་ལ་འཛིན། སྨོན་ལམ་རྣམ་བརྒྱད་དང་འཇམ་དཔལ་མཚན་བརྗོད་གཉིས་དུས་དེ་ནས་ད་ལྟའི་བར་ཞལ་འདོན་རྒྱུན་མ་ཆད་དུ་གནང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་བསམ་གཏན་ཆོས་འཕེལ་ལམ་མཚན་གཞན་བུ་ཆུང་དགེ་བཤེས་ཀྱི་དྲུང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྗགས་ལུང་ཞུས།
ཕྱི་ལོ་ ༡༩༥༤ ལོར་ཡབ་ཡུམ་གཉིས་ཀྱིས་ཁྱིམ་ཐབས་སུ་སྦྱར་འདོད་ནའང་། དམ་པ་གང་ཉིད་སྔོན་གྱི་བག་ཆགས་བཟང་པོའི་མཐུ་བརྟས་པའི་དབང་གིས་བཅོས་མིན་གྱི་རབ་ཏུ་བྱུང་འདོད་ཁོ་ན་ཐུགས་ལ་བརྣག་པ་མ་ཟད། གདན་སར་ཕེབས་འདོད་ཆེན་པོར་བྱུང་དབང་གིས་གསང་སྟབས་ཀྱིས་ཟླ་བ་གཉིས་རིང་ལ་གོམ་འགྲུལ་གྱི་སར་ལམ་རྒྱགས་ངན་ངོན་ཙམ་མེད་ནའང་སློང་སྐལ་ཁོ་ན་ལ་བརྟེན་ནས། འཛམ་གླིང་ས་ཡི་ཐིག་ལེ། གཙུག་ལག་ཆོས་ཀྱི་འབྱུང་གནས། ཡུལ་དབུས་སུ་ཕེབས་ནས་གངས་ལྗོངས་རྩོད་གྲྭ་ཡོངས་ཀྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་བོད་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ། མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ཚུལ་ཁང་ཁམས་ཚན་དུ་ཆོས་ཞུགས་གནང་།
བླ་མ་དབུ་མ་པའི་སྐྱེས་རབས་ཀྱི་ཕྲེང་བར་འཛིན་པར་ཞལ་གྱིས་བཞེས་པའི་བརྒལ་བརྟག་གི་རིགས་ཚུལ་ལ་དབང་མངའ་བའི་བརྟན་མཁས་ཡོན་ཏན་དུ་མས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་རིག་པའི་དབང་ཕྱུག་རྒྱས་པ་མཁན་ཟུར་ཚུལ་ཁང་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས། མཁན་སློབ་སྦྲགས་མར་གནང་སྟེ་དགེ་འདུན་གྲངས་ཚང་བའི་དབུས་སུ་རང་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པའི་བདུད་རྩིའི་ཉིང་ཁུས་ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེངས་པར་མཛད་དེ་མཚན་ལ་འཇམ་དཔལ་མཁས་བཙུན་གསོལ།
འབྲས་སྤུངས་ཁྲི་ཟུར་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ་གྱི་དྲུང་དུ་རིགས་པའི་སྒོ་འབྱེད་བསྡུས་གྲྭ་སློབ་ཁྲིད་བྱས་པ་ནས་བཟུང་སྟེ་རིགས་པ་སྨྲ་བ་རྣམས་དང་ལྷན་ཅིག་ཏུ་རིགས་ལམ་ལ་སྦྱོང་སྐབས་དཔེ་ཁྲིད་དང་ཆོས་ར་མ་ཆག་པར་སྦྱངས་པ་མཐིལ་ཕྱིན་པར་མཛད། དགེ་ཚུལ་གྱི་སློབ་དཔོན་དེ་ཉིད་དང་། ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ་མཆོག་དང༌། བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ཐུབ་བསྟན། དགེ་བའི་བཤེས་གཉེན་ཆེན་པོ་བྲག་མགོ་རྒན་བློ་བཟང་དོན་གྲུབ་བམ་བློ་ལོ་སོགས་བཤེས་གཉེན་དུ་མའི་དྲུང་ནས། ཕར་ཕྱིན་དགེ་འདུན་ཉི་ཤུའི་བར་གསན་སྦྱངས་མཛད་ནས་དོན་གྱི་གནད་ལ་ཕོག་པའི་དཀའ་གནད་རིགས་ལ་ཁྱད་དམིགས་ཀྱིས་སྦྱངས།
ཕྱི་ལོ་ ༡༩༥༩ ལོར་དེ་ལྟར་རླབས་པོ་ཆེའི་གསན་བསམ་ལ་གཅིག་ཏུ་གཞོལ་བཞིན་པའི་མུར་རང་ཡུལ་གངས་ལྗོངས་སུ་དུས་འགྱུར་མི་བཟད་པ་བྱུང་བའི་སྐབས། བཤད་སྒྲུབ་ཀྱི་བསྟན་པ་ལ་དགོངས་ཏེ་ལྷོ་མོན་གྱི་བརྒྱུད་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས། སྦག་ས་ཆོས་སྒར་དུ་སློབ་གཉེར་བ་དགེ་འདུན་ཞལ་གྲངས་ ༡༥༠༠ ཁུངས་སུ་ཚུད་དེ་སྔར་གྱི་སློབ་གཉེར་འཕྲོ་བསྐྱངས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤར་པ་ཆོས་རྗེ་ཚུལ་ཁང་ཏཱ་ར་རིན་པོ་ཆེ། བློ་གླིང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན། རྒྱལ་རོང་མཁན་ཟུར་རིན་པོ་ཆེ། ཤག་སྐོར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཉི་མ་རྒྱལ་མཚན། ཚུལ་ཁང་མཁན་ཟུར་རིན་པོ་ཡེ་ཤེས་ཐུབ་བསྟན། ཏྲེ་ཧོར་མཁན་ཟུར་རིན་པོ་རྗེ་བཙུམ་བློ་བཟང་ཉི་མ་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་ལ་གསན་སྦྱོང་མཛད།
པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ཡུམ་དོན་གསལ་བའི་སྒྲོན་མེ། རྗེ་བདག་ཉིད་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ། རྩ་བ་ཤེས་རབ། དབུ་མ་འཇུག་པ་དང་དགོངས་པ་རབ་གསལ་གྱི་ས་བཅད་ལྷན་སྦྱར་བཅས་བློ་འཛིན་བགྱིས་ནས་དབུ་མའི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་གནང། རྒན་རིན་པོ་ཆེ་སྐྱེས་ཐོབ་ཀྱི་མཁྱེན་རབ་ཀྱི་རྩལ་ཤིན་ཏུ་ཆེ་བས་དབུ་མའི་གཞུང་གི་བརྗོད་བྱ་དོན་གྱི་སྙིང་པོ་ལ་དངོས་སྟོབས་ཀྱི་རིགས་པས་བརྒལ་བརྟག་ཞིབ་པར་མཛད་པས་མཁས་པའི་གྲགས་པས་ས་ཕྱོགས་ཀུན་ཏུ་ཁྱབ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དགེ་འདུན་འདུས་མང་དབུས་སུ་ཚུལ་ཁང་རྡོ་རྗེ་རྟགས་བསལ་ཐོངས་ཤོག་ཅེས་དང་། དྷ་ས་གསུང་ཆོས་ཀྱི་སྐབས་ཞིག་ཏུ་རྒན་རིན་པོ་ཆེ་གྲལ་མཐའ་ཞིག་ལ་བཞུགས་ཡོད་པར་གཟིགས་ཏེ། ཚུལ་ཁང་རྡོ་རྗེ་ཡར་ཤོག་ཅེས་གྲྭ་རྐྱང་དཀྱུས་མའི་སྐབས་ནས་ད་ལྟའི་བར་ཐུགས་བརྩེ་ཆེན་པོར་གནང་གི་ཡོད་པ་དེས་ཀྱང་། རྒན་རིན་པོ་ཆེའི་མཚན་སྙན་མཚོ་བྱུང་ཕྱག་གི་ཏམ་བུ་ར་ལས་བྱུང་བའི་སྒྲ་དབྱངས་སྙན་མོ་དཔྱོད་ལྡན་རྣའི་དབང་པོར་འགོག་མེད་ངང་གིས་ལྷུང་།
དེ་ནས་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་༸སྐྱབས་མགོན་རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་ཚིག་སྔ་མ་སྔོན་དུ་སོང་བའི་སྒོ་ནས་བརྟན་མཁས་འདུལ་བ་འཛིན་པ་ཆེན་པོ་དག་གིས་ལས་ཀྱི་སློབ་དཔོན་དང་། གསང་སྟོན་སོགས་མཛད་ནས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ད་ལྟར་གྱི་ཆོ་གས་ཉེས་མེད་ཕུན་ཚོགས་ཀྱིས་བསྙེན་པར་རྫོགས་ནས། སྡོམ་བཙུན་འདུལ་བ་འཛིན་པ་རྒྱ་མཚོའི་དབུས་ན་གསེར་རི་ལྟར་མངོན་པར་འཕགས་ཏེ་དགྲ་བཅོམ་ཉེ་བར་འཁོར་དང་རྟ་ཐུལ་གྱི་བརྟུལ་ཞུགས་ལ་གནས་པར་གྱུར། དེ་ནས་བཟུང་སྟེ་དགེ་སློང་གི་བཅས་མཚམས་ཕྲ་རགས་མཐའ་དག་ལས་མ་འདས་པའི་ཁས་བླངས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མིག་གི་འབྲས་བུ་བཞིན་དུ་སྲུང་།
ཕྱི་ལོ་ ༡༩༦༩ ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་ལ་ཕེབས། གཞིས་གྲོང་དང་པོོར་སློབ་གཉེར་བྱེད་ཞོར་དུ་ཕྱག་ལས་ལྷོད་མེད་སྒྲུབ་པ་ནི། དཔལ་ལྡན་འབྲས་སྤུངས་གཞིར་ཆགས་པའི་གནས་དེར་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་དང་དགེ་འདུན་འདུས་མང་གི་ཆེད་འདུ་ཁང་དང་གྲྭ་ཤག་གསར་རྒྱག་གི་ཆེད་དུ་ས་ཕག་བཟོ་བའི་ལས་འགན་གཙོར་བཞེས་ཀྱིས། གཞིས་གྲོང་དང་པོ་ནས་ད་ལྟའི་འབྲས་སྤུངས་ཆགས་སར་ཉིན་དང་པོར་ས་ཕག་བཟོ་ས་ཡོང་སྐབས་སུ་གྲྭ་ཚང་གི་ཞིང་མཐའ་ལུང་པའི་ཕ་ངོས་སུ་རྒྱ་གར་གྲོང་མི་ཚོས་འབྲས་བརྔས་ནས་སྤུངས་པའི་ཕུང་པོ་ཤིག་ལ་མེ་ཤོར་ནས་མེ་འགོག་གི་རམ་འདེགས་སུ་རེ་འདུན་ཞུ་དོན་བཞིན་ལས་སུ་འཇུག་སྐབས་འཆར་སྣང་དུ་དེ་རིང་ང་ཚོ་འདུ་ཁང་གསར་རྒྱག་གི་ལས་ཞུགས་ཉིན་དང་པོ་དེར་འབྲས་སྤུངས་ཤིག་ལ་མེ་འབར་བ་དང་འཕྲད་པས་མ་འོངས་པ་དཔལ་ལྡན་འབྲས་དཀར་སྤུངས་པ་ནི་མེ་འབར་བ་ལྟར་ཡར་རྒྱས་འགྲོ་བའི་རྟེན་འབྲེལ་རེད་སྙམ། དཀའ་སྡུག་དཔག་ཏུ་མེད་པས་དགེ་འདུན་གྱི་སྡེ་སྐྱོང་བའི་བྱ་བ་ལས་ཀྱི་འཁོར་ལོ་གཟེངས་སུ་ཐོན་པ་གནང་། དཀའ་སྤྱད་སྡུག་རུས་དཔེ་མེད་ཀྱི་ཁྲོད་དུ་གཙོ་བོར་འདུལ་མཛོད་ཀྱི་གཞུང་ཆེན་པོ་རྣམས་ལ་འཕགས་བོད་ཀྱི་གཞུང་འགྲེལ་ཡིག་ཆ་མང་པོར་དཔེ་ཁྲིད་དང་། དཔེ་གཟིགས། ཆོས་རའི་རྩོད་པ་གསུམ་སྦྲེལ་གྱིས་དཔྱིས་ཕྱིན་པར་སྦྱངས།
དེའི་རྗེས་༸གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་འབྲས་སྤུངས་བློ་གླིང་ཆོས་ར་གསར་པ་ནང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཞིག་ལ་བློ་གླིང་སློབ་གཉེར་བ་ཚོས་༸གོང་ས་མཆོག་ལ་རྩོད་རྒྱུགས་འབུལ་དུས་༸གོང་ས་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོར་བྱུང་ནས་སློབ་གཉེར་བ་ཚོ་ལ་བསྟོད་བསྔགས་ཆེན་པོ་གནང་ཡོད། དུས་དེར་རྒན་རིན་པོ་ཆེ་ལ་འཆར་སྣང་དུ་དགེ་འདུན་བརྒྱ་ཕྲག་མང་པོས་མཐར་བསྐོར་བའི་དབུས་སུ་རིག་པར་སྨྲ་བ་གཅིག་རྗེས་གཉིས་མཐུད་ཀྱིས་ཟབ་གསལ་མྱུར་གསུམ་གྱིས་གཞུང་དོན་ལ་དཔྱད་ནས་དཀའ་གནད་མདུད་བརྒྱ་གྲོལ་ཞིང་ཆོས་རའི་ཕྱིའི་བཀོད་པ་སུམ་རྩེན་ཕོ་བྲང་མིའི་ཡུལ་དུ་འཕོས་པ་ལྟ་བུ་དེ་ལ་མེ་ཏོག་དང་དར་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པས་དེ་སྔོན་གྱི་རྟེན་འབྲེལ་འགྲིགས་པ་དེ་མངོན་གྱུར་རང་བྱུང་འདུག་སྙམ་པའི་ཚོར་སྣང་ཆེན་པོར་སྟེར་བྱུང་ཞེས་གསུངས།
ཕྱི་ལོ་ ༡༩༨༠ ལོར་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་ཏེ་བཀའ་རམས་ལོ་གཉིས། སློབ་དཔོན་ལོ་གཉིས། ལྷ་རམས་ལོ་གསུམ་བཅས་ལོ་ལྟར་རྒྱུགས་འབྲས་རྩེར་སོན་གྱི་ཕྱག་འཁྱེར་ཐོབ་ཏེ་གདན་གསུམ་མཁས་མང་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་སུ་ཟླ་བ་ལྟར་མངོན་པར་གསལ་བའི་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས་ཏེ་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ལྗོན་ཤིང་འོག་ཏུ་ལྷ་རམས་པའི་དམ་བཅའ་བཞག།
དེ་ནས་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་སྐོར་བར་ཕེབས་ནས་ཁ་གཏད་དགེ་བཤེས་ཀྱི་མཛད་འགན་བཞེས། གསང་བདེ་འཇིགས་གསུམ་སོགས་རྒྱུད་འགྲེལ་དང་བཅས་པ་གསང་སྔགས་ཀྱི་ཆོས་སྐོར་དབང་ལུང་མན་ངག་དང་བཅས་པའི་གཞུང་ལུགས་མཐའ་དག་ཐུགས་ལ་བཏགས་ཏེ་ནང་བྱན་ཆུད་པར་མཛད། ཡི་དམ་གསང་བདེ་འཇིགས་གསུམ་སོགས་ཀྱི་བསྙེན་པ་མང་པོ་བཏང་། ཆོས་ཐོག་ཚར་ནས་ཀྱང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ནས་གདན་ས་ཁག་གི་དགེ་བཤེས་རྣམས་ལ་གསང་སྔགས་ཀྱི་དཔེ་ཁྲིད་གནང་། དེ་ནས་གདན་སར་ཕེབས་ཏེ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགེ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་རྒྱུད་སྡེ་དགོངས་འགྲེལ་དང་བཅས་པའི་མན་ངག་མང་པོ་གསན།
ཕྱི་ལོ་ ༡༩༩༣ ལོར་རྒྱུད་པའི་དགེ་བསྐོས་སུ་བཞེངས་ནས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་བཞེད་སྲོལ་རྣམས་མ་ཉམས་པར་དག་ཐེར་དང་དམ་པའི་ཆོས་འདུལ་བ་དང་མཐུན་པའི་སྒྲིག་སྡོམ་ཚུལ་བཞིན་བསྐྱངས་གནང་བས་ཕྱག་རྗེས་གཟེངས་སུ་ཐོན་པ་བྱུང་སྟེ་དགེ་བསྐོས་ལས་ཁུར་གྱིས་སྒྲིག་ལམ་གནོན་འདོམས་བྱས་པར་ ཕྱོགས་ཀུན་དོན་གྱིས་མཁས་པའི་སྙན་གྲགས་ཅན་དང་བཅས་ཀུན་གྱི་བསྔགས་པའི་འོས་སུ་གྱུར།
ལྷར་བཅས་འགྲོ་བའི་མགོན་པོ་༸གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་རྡོ་རྗེ་འཆང་དང༌། ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས། ༸སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་གཙོས་པའི་དབང་ལུང་མན་ངག་གི་མངའ་བདག་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་འཕགས་བོད་ཀྱི་མཁས་གྲུབ་དུ་མའི་གཞུང་ལུགས་དང། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཆེན་བརྒྱད། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་། ཡི་དམ་གསང་བདེ་འཇིགས་གསུམ་སོགས་དབང་ལུང་མན་ངག་མང་ཆེ་བ་ཐུགས་ཀྱི་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ་དབང་ལུང་མན་ངག་གི་མཛོད་དུ་གྱུར།
ཕྱི་ལོ་ ༡༩༩༦ ལོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེས་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་རིན་པོ་ཆེ་བསྩལ་བཞེས་ཀྱིས། བླ་མ་དབུ་མཛད་ཀྱི་ལས་འགན་བཞེས་ནས་སྔར་སྲོལ་རྒྱུད་ཆེན་གོང་མའི་བཞེད་དགོངས་ཟབ་མོ་རྣམས་མི་ཉམས་རྒྱུན་འཛིན་གནང་། བླ་མ་དབུ་མཛད་ལོ་གསུམ་གྱི་རིང་སྒྲིག་ཡིག་ཆེན་མོ་གཞིར་བཟུང་གིས་སྒྲིག་ལམ་གནོན་འདོམས་མཛད་དེ་དགེ་འདུན་རྣམས་ཀྱི་འདུལ་ཁྲིམས་ལ་དག་ཐེར་ལེགས་པར་མཛད་པས་ཀུན་གྱི་ཡིད་འཕྲོག་པར་གྱུར།
ཕྱི་ལོ་ ༡༩༩༩ ལོར༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱུད་པའི་མཁན་པོ་ཕྱག་རྟགས་སྤྱི་བོར་སྩོལ་བ་བཞིན་སྔར་སྲོལ་རྒྱུད་ཆེན་གོང་མའི་རྣམ་ཐར་བདག་གིར་བཟུང་སྟེ། མཁན་པོ་ལོ་གསུམ་གྱི་རིང་རྒྱུད་འགྲེལ་ཆེན་མོས་གཙོས་པའི་སྔར་སྲོལ་གནང་སྒོ་ཉམས་མེད་ཐོག་རྒྱུད་ཀྱི་འཆད་ཉན་གྱིས་མཚོན་བསྐྱེད་རྫོགས་སོགས་ཀྱི་དཔེ་ཁྲིད་གནང་བས་གསེར་རིའི་དབུས་ན་ལྷུན་པོ་ལྟར་མངོན་པར་འཕགས་བཞིན་བཞུགས། མཁན་པོའི་གནས་དུས་ལེགས་པར་གྲུབ་ནས་ཀྱང་དོན་གཉེར་ཅན་སློབ་མ་རྣམས་ལ་གང་མོས་ཀྱི་འདོད་ཆོས་མང་པོར་བསྩལ། རྒྱུད་པའི་འདོན་ཆོག་ལ་མཁས་པར་སྦྱངས་ཟིན་པས་ཚོགས་དབུས་སུ་སྐབས་རེར་མཛུབ་ཁྲིད་ཀྱང་མཛད་པས་བསྐྱེད་རིམ་པ་ཚོས་ཀྱང་བསྔགས་བརྗོད་མཛད་ཡོད།
ཕྱི་ལོ་ ༢༠༠༢ ལོ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱི་ཕྱོགས་ཀྱི་ཆོས་ཚོགས་གཙོས་པའི་ཚོགས་སྡེ་ཁག་མང་པོ་ནས་ནན་ཆེའི་གདན་ཞུའི་སྙན་སེང་རིམ་འབྱོར་ལྟར་ྋརྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་ལ་དགོངས་སྐོར་བཀའ་ཁྲོལ་ཞུས་ཏེ། ཐའེ་ཝན་དང་། སིང་གྷ་པུར། ཀུ་རི་ཡ། ཨ་རི། ཁེ་ན་ཌ། ཕ་རན་སི། སུད་སི། ལྷོ་མོན། བལ་ཡུལ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ཆོས་ཚོགས་ནང་ཕེབས་ནས་སྐལ་ལྡན་གདུལ་བྱ་རྒྱ་མཚོ་ལྟ་བུར་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་འཕྲིན་ལས་སྤྲོ་བར་མཛད་ཅིང་། དྲིས་ལན་གསུང་གི་བདུད་རྩིའི་སྙིང་པོས་སློབ་མ་རྣམས་ལ་ཕན་པ་རླབས་པོ་ཆེ་བྱུང་དབང་གིས་སླར་ཡང་ཡུལ་དེ་དག་ལ་ལན་མང་དུ་ཕེབས་རྒྱུའི་གསོལ་འདེབས་ཀྱང་མཛད་ཡོད། ཕྱི་ལོ་ ༢༠༠༧ ལོར་བསྟན་འཛིན་སྒང་དུ་ཕེབས་ནས་ཡུལ་དེ་པའི་སྐུ་ངོ་གཞིས་འགོ་གཙོས་པའི་སྤྱི་བོ་ཡོངས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་བ་དང༌། འཇིགས་བྱེད་བསྙན་ཆེན་གྱི་སྔོན་འགྲོའི་བྱ་བ་རྣམས་ལེགས་བསྒྲུབས་མཛད།
ཕྱི་ལོ་ ༢༠༠༨ ལོར་དྷ་ས་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་ཆེན་དངོས་ལ་འཇུག་པའི་སྐབས་ཀྱང་རྡོ་རྗེ་འཇིགས་བྱེད་ཀྱི་ཡི་དམ་ལྷའི་ང་རྒྱལ་གསལ་སྣང་ཤིན་ཏུ་བརྟན་པོའི་སྒོ་ནས་ བསྙེན་ཆེན་བཞུགས་ཏེ་ བསྙེན་ཆེན་གྲུབ་རྗེས་ཁ་སྐོང་སྦྱིན་སྲེག་དང་བཅས་པ་སླ་ཆོས་སུ་མ་སོང་བར་ལེགས་པར་བསྒྲུབས།
གཞན་ཡང་ཡི་དམ་མང་པོའི་བསྙེན་པ་བཏང་བ་དང༌། གདན་སའི་དགེ་བཤེས་རྣམས་ལ་སྔགས་གཞུང་གི་བཤད་ཁྲིད་གནང་བ་སོགས་དམ་པའི་ཆོས་ཀྱི་བྱ་བ་མཛད་པ་ལས་འཇིག་རྟེན་གྱི་བྱ་བ་ཕལ་པར་ཐུགས་ཅུང་ཟད་ཀྱང་མི་སྟེར། དེ་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་ནས་དད་ལྡན་གྱི་སློབ་མ་བརྒྱ་ཕྲག་མང་པོ་ལ་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་ཁག་གི་བཤད་ལུང་དང་། བཤད་ཁྲིད། གཞན་ཡང་གསང་སྔགས་གཞུང་གི་ཟབ་ཁྲིད་ཀྱིས་བསྟན་པའི་རྒྱལ་མཚན་སྒྲེང་བར་མཛད།
རྒྱུན་པར་གདན་སར་བཞུགས་ནས་དགེ་ཕྲུག་བརྒྱ་ཕྲག་མང་པོ་ལ་བློ་རྟགས་བསྡུས་གསུམ་དང་། ཕར་ཕྱིན། དབུ་མ། འདུལ་བ། མཛོད། དགེ་ལུགས་རྒྱུགས་ཞུགས་ཀྱི་འཛིན་གྲྭ། དགེ་བཤེས་བཅས་འཛིན་གྲྭ་རིམ་པར་དཔེ་ཁྲིད་གནང་། དགེ་བཤེས་ཚོ་ལ་པཎ་ཆེན་གྱི་རྫོགས་རིམ་དང་དཔལ་ལྡན་ཆོས་རྗེའི་སྔགས་ཀྱི་ས་ལམ། སྔགས་རིམ་ཆེན་པོ་བཅས་དཔེ་ཁྲིད་གནང་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས།
ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༧ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་བརྩེ་ཆེན་པོས་མཚུངས་མེད་ཤར་པ་ཆོས་རྗེའི་ཕྱག་རྟགས་རིན་པོ་ཆེ་གསོལ་བསྩལ་བཀའ་དྲིན་ཆེ་བ་ལྟར། དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་བཟང་ཁྱད་འཕགས་ཉིན་ལ་རྟེན་འབྲེལ་རང་འགྲིག་གི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་གྱི་གཙུག་ལག་ཁང་གི་ཡང་སྟེང་རྒྱལ་བའི་གཟིམ་ཆུང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཏེ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང༌། ྋགོང་ས་མཆོག་གིས་ཐུབ་དབང་སྐུ་འདྲ་ཞིག་དད་རྟེན་དུ་གསོལ་རས་བསྩལ། ༸གོང་ས་མཆོག་ནས་ཀྱང་ཐུགས་དགྱེས་བརྩེ་ཆེན་པོས་རྒན་རིན་པོ་ཆེ་ལ་སྐུ་ཚེ་ཧྲིལ་པོའི་རྣམ་ཐར་ཞིབ་ཏུ་བཀའ་འདྲི་གནང་ནས་བཀའ་ལན་ལྷུག་པོར་གནང༌།
ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༧ ལ་ཤར་པ་ཆོས་རྗེའི་ཁྲི་སྟོན་མཛད་སྒོ་སྔ་སྲོལ་བཞིན་དགའ་ལྡན་ཕུ་ཁང་དང༌། ཤར་རྩེ་གྲྭ་ཚང༌། དགའ་ལྡན་ཚོགས་ཆེན། བློ་གླིང་ཚུལ་ཁང་ཁམས་ཚན་བཅས་སུ་ཁྲི་སྟོན་རྟེན་འབྲེལ་མཛད་སྒོ་ཁག་ལེགས་གྲུབ་བྱུང་། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༠ ཉིན་འབྲས་སྤུངས་བློ་གསལ་གླིང་ལྡན་མ་རྣམ་རྒྱལ་ཁམས་ཚན་གྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་ཁམས་ཚན་གྱི་གཙུག་ལག་ཁང་གསར་པའི་ནང་དུ། འཇམ་མགོན་བསྟན་པའི་གསལ་བྱེད་མཚུངས་མེད་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་སློབ་དཔོན་མཛད་དེ་ཁ་སྐོང་བ། ༸སྐྱབས་རྗེ་གླིང་གུང་འབར་ཆེ་ཚང་རིན་པོ་ཆེ། ཕུ་ཁང་དགེ་བཤེས་བློ་བཟང་ལྷུན་གྲུབ། ལྡན་མ་དགེ་བཤེས་བསོད་ནམས་ཟླ་གྲགས། གྲོགས་དན་པ། ཏྲེ་ཧོར་དགེ་བཤེས་ཚེ་རིང་ནོར་བུ། དུས་གོ་བ། གྲགས་པ་དགེ་བཤེས་ངག་དབང་སྐལ་བཟང་བཅས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྒྲུབ་བྱ་ཞལ་གྲངས་བརྒྱ་དང་བདུན་ཅུ་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་འབོགས་ཆོག་མཛད།
ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༤ དང་ ༡༥ ཉིན་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞྭ་སེར་བསྟན་པའི་གསལ་བྱེད་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་རྗེ་ཙོང་ཁ་པའི་གསུང་ལམ་རིམ་འབྲིང་པོའི་གསུང་ཆོས་སྔ་ལོའི་འཕྲོ་ནས་དང་། དགའ་ཤར་ཉག་རེ་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཉི་མའི་དྲུང་ནས་གསན་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདོན་ཆོག་དཔལ་གསང་བ་འདུས་པའི་བདག་མདུན་བུམ་གསུམ་དང་། དབང་ཆོག། སྨོན་ལམ་དང་ཤིས་བརྗོད། ས་ཆོག ཞི་བ་དང་རྒྱས་པའི་སྦྱིན་སྲེག། ཚོགས་མཆོད། དཔལ་གསང་བ་འདུས་པའི་བསྙེན་ཡིག་དངོས་གྲུབ་རྒྱ་མཚོ་སྐལ་བཟང་རེ་སྐོང་དང་། དབང་གི་བཅུ་ཆའི་སྦྱིན་སྲེག བསྙེན་པའི་མཇུག་མེ་ལྷ་ཐབ་ཏུ་འགུགས་པའི་བསྙེན་པ་དང་། དེའི་བཅུ་ཆའི་སྦྱིན་སྲེག་བཅས་ཀྱི་ལྗགས་ལུང་བཀའ་དྲིན་སྩལ། མཇུག་ཏུ་སློབ་གཉེར་གནང་ཕྱོགས་སྐོར་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད།
ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༦ ཉིན་མཁས་མང་བློ་གླིང་གྲྭ་ཚང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་མཚུངས་མེད་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་གི་ཞལ་སྔ་ནས་འབྲས་སྤུངས་བློ་གསལ་གླིང་སྤྲུལ་པའི་གཙུག་ལག་ཁང་དུ་མཚུངས་མེད་ཤར་པ་ཆོས་རྗེ་ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཆོས་སྐོར་ཐེམ་སྐས་བཅོ་བརྒྱད་ཀྱི་བཀའ་ཁྲིད་བསྩལ། ཕྱག་དཔེ་འདི་ཉིད་མཛད་པ་པོ། མཚུངས་མེད་ཤར་པ་ཆོས་རྗེ་ཡོངས་འཛིན་གླིང་སྤྲུལ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས། གསན་ཡུལ། མཚུངས་མེད་ཤར་པ་ཆོས་རྗེ་དགའ་ལྡན་ཉག་རེ་རྗེ་བཙུན་བློ་བཟང་ཉི་མ། བཀའ་ཁྲིད་སྩོལ་པ་པོ། མཚུངས་མེད་ཤར་པ་ཆོས་རྗེ་འབྲས་ཚུལ་ཁང་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་བཅས་ཤར་པ་ཆོས་རྗེ་གསུམ་སྦྲེལ་གྱི་འཆད་ཉན་ཆོས་འཁོར་ལོ་བསྐོར་བ་འདི་ནི་ངོ་མཚར་བའི་གནས་སུ་མཇལ།
ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༩ ཉིན་འཇམ་མགོན་བསྟན་པའི་གསལ་བྱེད་མཚུངས་མེད་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ནེའུ་ཡོག་དང་ནེའུ་འཇར་སེ་གཙོས་པའི་ཨ་རི་གནས་བཞུགས་བླ་སྤྲུལ་དང་དགེ་བཤེས་མི་དམངས་བཅས་ལ་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་དུ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་ཐུགས་དམ་གྱི་ལྷ། སྟེང་དུ་གདོན་གཟའ་ཡི་གནོད་པ་སྲུང་བའི་ལྷ་ཕྱག་ན་རྡོ་རྗེ། འོག་ཏུ་གདོན་ཀླུའི་གནོད་པ་སྲུང་བའི་ལྷ་ཁྱུང་ནག། བར་དུ་གདོན་རྒྱལ་པོ་དང་བཙན་གྱི་གནོད་པ་སྲུང་བའི་ལྷ་རྟ་མགྲིན་བཅས་ཡོངས་གྲགས་སུ་མཚན་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་བསྩལ།
ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༥ ཉིན་ཨ་མེ་རི་ཀའི་ཨེ་ཊི་ལན་ཊར་ (Atlanta) ཆགས་པའི་གྲྭ་ཚང་གི་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་ཚེས་ ༩ ཉིན་ཨ་རིའི་ཨ་ལན་ཊར་གནས་སྡོད་བོད་རིགས་ཡོངས་ཀྱིས་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་གང་ཉིད་ནས་ཞལ་བཞེས་བཟང་པོ་ཐོབ་སྟེ་གང་བློ་མ་དང་། སྒྲོལ་མ། དམིགས་བརྩེ་མ། སྟོན་པ་ཐུབ་པའི་དབང་པོ་དང་། རིག་གསུམ་མགོན་པོའི་མཚན་སྔགས་བཅས་ལྗགས་ལུང་། སྐྱབས་འགྲོ་ངོ་སྤྲོད་དང་། དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་འབྲེལ་སྡིག་སྤོང་དགེ་སྒྲུབ་གལ་ཆེ་ཚུལ། ལྷག་པར་༸གོང་ས་མཆོག་གི་དགོངས་བཞིན་ལས་དོན་སྒྲུབ་དགོས་པ་དང་། ཕ་མ་ཚོས་རང་གི་ཕྲུ་གུ་ལ་བོད་པའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་ཡག་པོར་སློབ་དགོས་པ་དང་། ང་ཚོ་བོད་རིགས་ཚོ་གང་དུ་གནས་ཀྱང་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་དང་མཇལ་ཁ་བཅས་གནང་།
ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༨ ཉིན་ཨ་རི་མི་ནེ་སོ་ཀྲའི་རྒྱུད་སྟོད་ཆོས་འཁོར་དགོན་གྱིས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་བླ་མ་སྤྲུལ་པའི་སྐུ་དང་། དགེ་བཤེས་དང་། མི་མང་བཅས་ལ་སྐྱབས་འགྲོ་སྐོར་དང་ལམ་གཙོ་རྣམ་གསུམ་བཤད་ཁྲིད་བསྩལ་གནང་། ཚེས་ ༢༦ ཉིན་མེ་སོར་ཀོ་དད་ལྡན་མི་མང་རྣམས་ལ་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་གིས་རྗེ་བཙུན་སྒྲོལ་ལྗང་གི་རྗེས་གནང་བསྩལ།
ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ ཉིན་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་ལ་དགའ་ལྡན་བྱང་རྩེ་རྡོ་ར་མཁན་ཟུར་རིན་པོ་ཆེ་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ་གདན་ས་ཁག་གི་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་གཙོས་པའི་དགེ་འདུན་པ་དང་། བཙུན་མ། ཕྱོགས་ནས་ཕེབས་པའི་དད་ལྡན་སྐྱ་སེར་ཡོངས་ལ་འཇིགས་བྱེད་བཅུ་གསུམ་མའི་སྟ་གོན་དང་བཅས་པའི་དབང་བཞི་ཡོངས་སུ་རྫོགས་པ་བསྩལ།
ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༩ ཚེས་ ༣ ཉིན། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། འཇམ་མགོན་བསྟན་པའི་གསལ་བྱེད་མཚུངས་མེད་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཉིན་གསུམ་གྱི་རིང་། མཁན་ལས་ཟུར་དང་རྒྱལ་སྲས་བླ་སྤྲུལ་ཁག་དགེ་འདུན་འདུས་པ་རྒྱ་མཚོ་བཅས་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཆོས་སྐོར་ཐེམ་སྐས་བཅོ་བརྒྱད་ཆ་ལག་དང་བཅས་པའི་བཤད་ལུང་བཀའ་དྲིན་བསྩལ།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༧ ཉིན་ཞྭ་སེར་བསྟན་པའི་མཛེས་རྒྱན་སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་ཐའེ་ཝན་ཆོས་ཚོགས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ་མཁན་བླ་གཙོས་པའི་དགེ་འདུན་འདུས་མང་དང་། ཐའེ་ཝན་ཆོས་ཚོགས་ཀྱི་དད་ལྡན་རྣམ་པ་བཅས་ལ། མགོན་པོ་སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་འཕྲུལ་ལས་བྱུང་བ་རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ་བོར་གྱུར་པའི་དཔལ་མྱུར་མཛད་ཡེ་ཤེས་ཀྱི་དགོན་པོ་ཕྱག་དྲུག་པའི་རྗེས་གནང་བཀའ་དྲིན་བསྩལ།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ཉིན། མོན་བསྟན་འཛིན་སྒང་དུ་རྟེན་གཞི་བྱས་པའི་སྟོད་རྒྱུད་གྲྭ་ཚང་དང་ས་གནས་དད་ལྡན་མང་ཚོགས་བཅས་ནས་འཇམ་མགོན་བསྟན་པའི་སྲོག་ཤིང་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་ཇི་ལྟར་གསོལ་བ་འདེབས་དོན་བཞིན། མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་སྟེང་དུ་གདོན་གཟའ་ཡི་གནོད་པ་སྲུང་བའི་ལྷ་ཕྱག་ན་རྡོ་རྗེ། འོག་ཏུ་གདོན་ཀླུའི་གནོད་པ་སྲུང་བའི་ལྷ་ཁྱུང་ནག། བར་དུ་གདོན་རྒྱལ་པོ་དང་བཙན་གྱི་གནོད་པ་སྲུང་བའི་ལྷ་རྟ་མགྲིན་བཅས་ཡོངས་གྲགས་སུ་རྟ་ཕྱག་ཁྱུང་གསུམ་མམ་དྲག་པོ་གསུམ་བསྒྲིལ་གྱི་རྗེས་གནང་ཟབ་མོ་བཀའ་དྲིན་བསྩལ།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༩ ཉིན། མོན་ཁུལ་གྱི་བོད་མིའི་གཞིས་ཆགས་བསྟན་འཛིན་སྒང་གི་ཉིན་སློབ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་འཇམ་མགོན་བསྟན་པའི་སྲོག་ཤིང་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཨ་རུ་ཎཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་རྣམ་གཉིས་ཕེབས་ཡོད་པ་དང་། མཛད་སྒོ་གྲུབ་མཚམས་ནས་སྤྱི་ཁྱབ་བློན་ཆེན་མཆོག་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེའི་བཞུགས་གནས་གཟིམ་ཁང་དུ་མཇལ་ཁར་ཆེད་བཅར་གནང་སྟེ། མངའ་སྡེའི་ཆེས་མཐོའི་གཟེངས་རྟགས་དང་༸རྒྱལ་བ་རིན་པོ་ཆེ་དང་ཨ་རུ་ཎཱ་ཅལ་པྲ་དེཤྭ་ཞེས་པའི་ཕྱག་དེབ་གཉིས་ཕུལ། ཤར་པ་ཆོས་རྗེ་རིན་པོ་མཆོག་ནས་ཀྱང་སྟོན་པ་ཐུགས་རྗེ་ཅན་དང་༸གོང་ས་མཆོག་ཟུང་དུ་ཡོད་པའི་སྐུ་ཐང་སྤུས་ལེགས་ཅིག་རྟེན་སྐལ་དུ་གནང་།
ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༤ ཉིན་ཞྭ་སེར་བསྟན་པའི་སྲོག་ཤིང་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་དགོན་གྱི་གཙུག་ལག་ཁང་དུ་རྟ་དབང་དགོན་གྱི་མཁན་བླ་ཚོ་གཙོས་པའི་དད་ལྡན་སེར་སྐྱ་ཡོངས་ལ་བསྟན་སྲུང་ཆེན་མོ་དམ་ཅན་ཆོས་ཀྱི་རྒྱལ་པོའི་རྗེས་གནང་དང་། མགོན་པོ་སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་འཕྲུལ་ལས་བྱུང་བ་རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ་བོར་གྱུར་པའི་དཔལ་མྱུར་མཛད་ཡེ་ཤེས་ཀྱི་དགོན་པོ་ཕྱག་དྲུག་པའི་རྗེས་གནང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཚེ་དབང་བཀའ་དྲིན་བསྩལ་གནང་མཛད།
ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༨ དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་འབྲས་བློ་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ་འཇམ་མགོན་བསྟན་པའི་སྲོག་ཤིང་མཚུངས་མེད་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་སློབ་དཔོན་མཛད་དེ་ཁ་སྐོང་བ། གཞུང་ལེན་པ་དགེ་བཤེས་ཆོས་འཕེལ། དབུ་མཛད་ཆེན་པོ་དགེ་བཤེས་ཨ་དགའ། གུ་གེ་དགེ་བཤེས་ཡོན་ཏན་གྲགས་པ། ཚུལ་ཁང་དགེ་བཤེས་ཉི་མ་ཚེ་རིང་། གྲོགས་གདན་པ། ཏྲེ་ཧོར་དགེ་བཤེས་ཚེ་རིང་ནོར་བུ། དུས་བགོ་བ། གྲགས་པ་དགེ་བཤེས་ངག་དབང་སྐལ་བཟང་བཅས་དགེ་འདུན་གྲངས་ཚང་བའི་དབུས་སུ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ་བསྒྲུབ་བྱ་ཞལ་གྲངས་གྱ་བདུན་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་འབོགས་ཆོག་མཛད།
ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༢ ཉིན་འབྲས་བློ་གླིང་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ་འཇམ་མགོན་བསྟན་པའི་སྲོག་ཤིང་མཚུངས་མེད་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་སློབ་དཔོན་མཛད་དེ་ཁ་སྐོང་བ། བློ་གླིང་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན། གཞུང་ལེན་པ་དགེ་བཤེས་ཆོས་འཕེལ། དབུ་མཛད་ཆེན་པོ་དགེ་བཤེས་ཨ་དགའ། གུ་གེ་དགེ་བཤེས་ཡོན་ཏན་གྲགས་པ། གོ་བོ་དགེ་བཤེས་བློ་བཟང་ཐར་འདོད། གྲོགས་གདན་པ། ཏྲེ་ཧོར་དགེ་བཤེས་ཚེ་རིང་ནོར་བུ། དུས་བགོ་བ། གྲགས་པ་སྐྱོར་དཔོན་དགེ་བཤེས་ངག་དབང་སྐལ་བཟང་བཅས་དགེ་འདུན་གྲངས་ཚང་བའི་དབུས་སུ་འབྲས་སྤུངས་བློ་གསལ་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་གི་ནང་བསྒྲུབ་བྱ་ཞལ་གྲངས་གོ་གཅིག་ལ་ཚིགས་སྔ་མ་དགེ་ཚུལ་འབོགས་ཆོག་མཛད།
ཕྱི་ལོ་ ༢༠༢༤ ལོར་རྒྱལ་བ་ཐམས་ཅད་མཁྱེན་པས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཀྱི་ཕྱག་རྟགས་བཀའ་དྲིན་བསྩལ་བས་ཟླ་ ༡༡ ཚེས་ ༢༥ ཉིན་ནས་དགའ་ལྡན་ཕུ་ཁང་དང་། ཚོགས་ཆེན། ཁྲི་ཐོག་ཁང་། མཁས་མང་བློ་གསལ་གླིང་། ཚུལ་ཁང་ཁམས་ཚན་བཅས་ལ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་མི་འཇིགས་སེངྒེའི་ཁྲི་ལ་དབང་བསྐུར་བའི་གསེར་ཁྲི་མངའ་གསོལ་གྱི་ཁྲི་འདོན་མཛད་སྒོ་ལེགས་པར་བསྐྱངས། དེ་ལྟར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་གཟེངས་སུ་ཐོན་པ་རྣམས་བྱུང་རབས་ཀྱི་ལོ་རྒྱུས་གསེར་གྱི་དེབ་ཐེར་ཐོག་ཏུ་ཇི་སྲིད་བར་དུ་གནས་པར་ངེས།
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༡ རེས་གཟའ་པ་སངས་ཉིན་སྒོ་མང་མཁན་ཟུར་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་ནས་གསོལ་འདེབས་ཞུས་དོན་བཞིན་དགའ་ལྡན་ཁྲི་ཐོག་ཁང་གི་ཚོམས་ཆེན་དུ་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ནས་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་མྱུང་བར་གནས་པའི་ཆོ་ག་དང་དེའི་བླ་མ་བརྒྱུད་པའི་གསོལ་འདེབས་བཅས་ཀྱི་ལྗགས་ལུང་བསྩལ་གནང་མཛད།
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣ ཉིན་སྔ་དྲོར་ཚེས་བཟང་དགེ་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་རིན་པོ་ཆེ་མཆོག་ལ་སྨར་ཁམས་གཞིས་བྱེས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། སེར་བྱེས་མཁན་རིན་པོ་ཆེ། སྟོད་རྒྱུད་གྲྭ་ཚང་གི་མཁན་པོ་༸སྐྱབས་རྗེ་གངས་དཀར་རིན་པོ་ཆེ། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དགེ་ལེགས། སེར་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་འཕྲིན་ལས་དར་རྒྱས། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ལོ་མགོན་རིན་པོ་ཆེ། སེར་སྨད་ཚ་བ་༸སྐྱབས་རྗེ་འོད་ཟེར་རིན་པོ་ཆེ། ཕྱོགས་ནས་ཕེབས་པའི་སྨར་ཁམས་གཙོས་པའི་དགེ་འདུན་པ་དང་། གཉུག་མར་གནས་པའི་སེ་ར་བྱེས་སྨད་གཉིས་ཀྱི་དགེ་འདུན་པ་རྣམ་པས་དབུས་སྐྱབས་གནས་དགེ་འདུན་པའི་སྡེ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་། དཔལ་ས་སྐྱའི་བདག་མོ་སྐལ་ལྡན་སྒྲོན་སྐྱིད། བཀའ་ཟུར་ཁག་ཅིག། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་སྤྱི་ཟུར་ཁག་ཅིག། རྒྱ་གར་ལྷོ་ཕྱོགས་ཀྱི་ལྷོ་སྤྱི་དང་། བྷེལ་ཀོབ་གཞིས་ཆགས་གསར་རྙིང་གི་འགོ་འཛིན་རྣམ་གཉིས་ཀྱི་དབུས་རྒྱ་གར་གྱི་ས་གནས་འདྲ་མིན་དང་སུད་སི་དང་བལ་ཡུལ། ཨ་རི། ཁེེ་ཎ་ཌ། ཕ་རན་སི་སོགས་ཡུལ་གྲུ་དུ་མ་ནས་ཆེད་ཕེབས་གནང་།
སྨར་ཁམས་པའི་བྱུང་རབས་ལོ་རྒྱུས་ཀྱི་དེབ་ཐེར་དུ་མི་འཇིགས་གདོང་ལྔས་བཏེགས་པའི་དགའ་ལྡན་གསེར་ཁྲིར་འཛིན་པ་ཞེས་པའི་གསེར་གྱི་ཡི་གེ་འབྲུ་སྣོན་མཛད་པར་བཀའ་དྲིན་གྱི་ཚུལ་དུ་སྨར་ཁམས་པའི་སེར་སྐྱ་མང་ཚོགས་བཅས་ནས་དད་པས་ཀུན་ནས་བསླངས་ཏེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་ཀྱི་ཆོ་ག་སྔོན་སོང་གིས་རྒྱུད་སྟོད་མཁན་ཐོག་བརྒྱ་དང་ཉེར་བརྒྱད་པ་༸སྐྱབས་རྗེ་གངས་དཀར་རིན་པོ་རྡོ་རྗེ་སློབ་དཔོན་གནང་སྟེ་ཞྭ་སེར་བསྟན་པའི་མངའ་བདག་༸འཇམ་མགོན་རྒྱལ་བ་གཉིས་པའི་གདུང་འཚོབ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པའི་ཕྱིར་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༨ ཉིན་རྗེ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དཔལ་བཟང་པོའི་བླ་ན་མེད་པའི་ཐུགས་བསྐྱེད་ཀྱིས་ཕྱག་བཏབ་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་༸འཇམ་མགོན་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ཆེད་ཕེབས་དང་སྔར་རྒྱུན་ཕྱག་སྲོལ་ལྟར་སློབ་དཔོན་དཔའ་བོའི་མཛད་པའི་སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་རབས་སྐྱེས་རབས་སོ་བཞི་པའི་བཀའ་ཆོས་བཀའ་དྲིན་བསྐྱངས་གནང་བ།
ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་རྒྱལ་བའི་གཟིམ་ཆུང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ནས་རང་ཅག་བོད་འབངས་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གསར་མཇལ་ཞུས་ཤིང་། བཅོམ་ལྡན་འདས་རྒྱལ་བ་ཐུབ་པའི་དབང་པོའི་སྐུ་བརྙན་ཅིག་དང་། ཚེ་ཡི་ལྷ་མཆོག་རྒྱལ་བ་ཚེ་དཔག་ཏུ་མེད་པའི་སྐུ་བརྙན་ཅིག རྗེ་ཚེ་འཛིན་མའི་སྐུ་བརྙན་ཅིག་བཅས་སྐུ་རྟེན་དང་། གསུང་རྟེན་དུ་ཚེ་མདོ་དང་། རྡོ་རྗེ་གཅོད་པ། རྒྱལ་བའི་ཞབས་བརྟན་བཅས་དང་། བཀའ་གདམས་མཆོད་རྟེན་ཐུགས་རྟེན་དུ་འབུལ་ལམ་ཞུས་པར་འབྲེལ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་རྒྱུའི་གསོལ་འདེབས་མཛད་ཅིང་། ༸རྒྱལ་དབང་མཆོག་ནས་ཡིན་དང་ཡིན་ཞེས་བཀའ་བསྩལ་བ་དང་། དེ་སྔའི་གནལ་ལམ་ཞིག་ཏུ་དགུང་གྲངས་ ༡༡༠ གྲངས་བཞུགས་རྒྱུའི་མཚན་མ་བྱུང་སྐོར་དང་། སྔ་ནས་བསྟན་པ་སྤྱི་དང་འཛམ་གླིང་འདིའི་གང་གི་སྐྱེ་འགྲོར་ཕན་པའི་རླབས་ཆེན་གྱི་མཛད་བཟང་དག་ཕན་ཐོགས་ཆེན་པོ་ཡོད་པ་དང་། སླར་ཡང་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཐུགས་བསྐྱེད་ཡོད་ཚུལ་བཅས་ཞལ་བཞེས་བཟང་པོ་བསྩལ་གནང་མཛད།
༸རྒྱལ་དབང་མཆོག་ནས་ཁྲི་རིན་པོ་ཆེ་མཆོག་ལ་ཐུགས་ཤིན་ཏུ་དགྱེས་ཚོར་ཆེན་པོ་མཛད་ཅིང་རྟེན་སྐལ་དུ་སྟོན་པ་ཤཱཀྱ་ཐུབ་པའི་དབང་པོའི་སྐུ་བརྙན་ཅིག་བསྩལ་གནང་མཛད། ཁྲི་རིན་པོ་ཆེ་མཆོག་ནས་སྙན་གསེང་ཞུ་དོན་ལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇང་དགུན་ཆོས་ཕེབས་མཁན་གདན་ས་གསུམ་གྱི་གཙོས་པའི་དགོན་ཁག་ཉེར་གཅིག་ནས་དགེ་འདུན་ཞལ་གྲངས་ ༡༩༩༥ དང་། སེ་ར་ཐེག་ཆེན་གླིང་དུ་བྱམས་ཆོས་དང་རིགས་ཚོགས་ཀྱི་དགུན་ཆོས་ཆེད་བཅར་དགེ་ལུགས་རྒྱུགས་སྤྲོད་ཕེབས་མཁན་ཁོངས་ནས་དགེ་འདུན་གྲངས་ ༨༥༠ དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པའི་བར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིར་མཉམ་ཞུགས་གནང་མཁན་ནང་པའི་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དགེ་འདུན་པའི་གྲངས་ ༦༠ བཅས་ཡོད་པའི་ད་ཆར་ཚུགས་བཞིན་པའི་དགེ་ལྡན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བཅས་སྙན་སྒྲོན་ཞུས་སྐབས་རྒྱལ་བ་མཆོག་གིས་ཐུགས་རྗེ་ཆེ་དཔེ་མི་སྲིད་པ་ཡག་པོ་རེད། མཐར་བློ་བདེ་པོ་བྱས་ནས་བཞུགས་ཨང་ཞེས་བཀའ་བསྩལ་ཡོད་པ་རེད།
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༦ ནས་ ༨ བར་ཉིན་གསུམ་གྱི་རིང་དུ་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་དཔལ་ལྡན་འབྲས་དཀར་སྤུངས་པའི་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ནས་༸ཞྭ་སེར་བསྟན་པའི་མངའ་བདག་༸ཁྱབ་བདག་འཁོར་ལོའི་མགོན་པོ། སྐྱབས་གཅིག་མཚུངས་ཟླ་མ་མཆིས་པ། འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ལ་མཁས་མང་བློ་གླིང་གྲྭ་ཚང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་དོན་བཞིན། ཞལ་བཞེས་བཟང་པོ་སྤྱི་བོར་སྨིན་ཏེ་གྲྭ་ཚང་གི་སྤྲུལ་པའི་གཙུག་ལག་ཁང་དུ། འབྲས་སྤུངས་ཁྲི་ཟུར་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དང་། གྲྭ་ཚང་གི་མཁན་རིན་པོ་རྗེ་བཙུན་ཡེ་ཤེས་ལྷུན་གྲུབ། ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་བྱང་ཆུབ་སངས་རྒྱས། བློ་གསལ་གླིང་གྲྭ་ཚང་གི་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསམ་གཏན། བླ་སྤྲུལ་རྣམ་པ་དང་། གྲྭ་ཚང་ཤར་ནུབ་གཉིས་ཀྱི་དབུ་ཆོས་རྣམ་པ་གཙོས་པའི་དགེ་འདུན་སྟོང་ཚོ་བརྒལ་བའི་ཆོས་ཞུ་བ་ཡོངས་ལ་ཉིན་དང་པོར་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་འཇམ་དཔལ་གཤིན་རྗེ་གཤེད་དཔའ་བོ་གཅིག་པའི་དབང་ཆེན་གྱི་སྟ་གོན་དང་། ཉིན་གཉིས་པར་དབང་ཆེན་དངོས་གཞི་བསྩལ་གནང་མཛད། ཉིན་གསུམ་པར་གྲྭ་ཚང་ནས་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་མཛད་བཟང་ཕྱོགས་ཐམས་ཅད་དུ་རྒྱས་པ་དང་སྐུ་ཚེ་མི་ཤིགས་རྡོ་རྗེ་ཁམས་སུ་བརྟན་པའི་ཕྱིར་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་གནང་བ་དང་བཅས་སོ། །
དགེ་ལྡན་བསྟན་པའི་མངའ་བདག་དགའ་ལྡན་ཁྲི་ཆེན་བླ་མ་རྡོ་རྗེ་འཆང་དོན་གྱི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་སླད་མར་ཡང་ཉམ་ཐག་འགྲོ་བ་ཡོངས་ལ་བརྩེ་བའི་འཛུམ་དཀར་གྱིས་ཡོངས་སུ་དཀྲིས་ཤིང་། ཐུགས་རྗེའི་སྤྱན་རས་ཀྱི་ཞགས་པ་རིང་པོས་དམ་དུ་བཅིངས་པའི་སྐྱབས་དང་མགོན་དུ་སྔོན་གྱི་སྨོན་ལམ་བཟང་པོ་ཐུགས་བསྐྱེད་ཀྱི་རྦ་རླབས་ཆལ་ཆིལ་དུ་གཡོ་བ་བདག་གིར་ཆེ་བཞེས་ཏེ་སྐུ་ཚེ་དྲང་སྲོང་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པའི་སྨོན་འདུན་དང་བཅས།། །།
