༄༅།། འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་ལ་ཇི་མི་སྙམ་པར་རྒྱ་ནག་སྲིད་གཞུང་གིས་བོད་ནང་བཙན་འཛུལ་བྱས་ཏེ་བོད་ཆོས་ལྡན་གྱི་རྒྱལ་ཁབ་བཙན་བཟུང་བྱས་པར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེ་འགྲོ་སྤྱི་དང༌བྱེ་བྲག་བོད་མིའི་འཕྲལ་ཕུགས་ཕན་བདེ་ལ་དགོངས་པ་ཆེ་བཞེས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་༸ཞབས་སོར་འཁོད་འཕྲལ། ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༧ ཉིན་བཞུགས་སྒར་མ་སུ་རིར་དང་ཐོག་༼ཆོས་དོན་ལྷན་ཚོགས་༽ཞེས་པ་གསར་འཛུགས་ཀྱིས་བྲོས་བྱོལ་དུ་ཕེབས་པའི་རིས་མེད་དགེ་འདུན་རྣམས་ལ་གཟིགས་སྐྱོང་དང་། ཆོས་སྡེ་དང་རིག་གཞུང་བསྟི་གནས་བཅས་པ་གསར་འཛུགས་གནང་རྒྱུས་མཚོན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུའི་ལས་དོན་ཆེ་ཕྲ་མང་པོ་བསྐྱངས་པ་ནས་བཟུང་། ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༢༥ ཉིན་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་དང་མཐུན་པར་བོད་ཀྱི་རིག་གཞུང་ཚོགས་པ་དང༌། ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡༩ ཉིན་བོད་ཀྱི་ཆོས་དང་རིག་གཞུང་ཚོགས་པ་ཞེས་པའི་མཚན་ཐོག་དེབ་བསྐྱེལ་དང་སྦྲགས་མང་གཙོའི་ཁྲིམས་ལུགས་ལྡན་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྡེ་ཚན་ཁོངས་ལྷན་ཁང་ཞིག་གི་ངོ་བོར་༼ཆོས་རིག་ལས་ཁུངས།༽ཞེས་གནས་ཡོད།
ལས་ཁུངས་ངོ་སྤྲོད།
ཐོག་མའི་དམིགས་ཡུལ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་དོན་དུ་ཞུ་སྒོ་མཐའ་དག་འགན་འཁུར་ཞུ་རྒྱུ་ནི་ལྷན་ཁང་འདིའི་བཟློག་ཏུ་མེད་པའི་དམིགས་ཡུལ་ཡིན་ཅིང་། དེ་ཉིད་ཕྱིར་དུ་ས་གསུམ་འགྲོ་བ་ཡོངས་ལ་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་རྩ་མཉམ་མེད་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་དེ་ཉིད་དར་རྒྱས་ཡུན་རིང་གནས་པ་དང༌། བསྟན་པ་དེ་འཛིན་ཀུན་གྱི་གཙུག་ནོར་ལྷར་བཅས་སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་གྱི་སྐུ་གེགས་ཕྲ་མོས་ཀྱང་མ་རེག་པར་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང༌ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་ཆེད་དམིགས་བསལ་སྐུ་ཕྱྭའི་ཞབས་རིམ་དང་། རིས་སུ་མ་མཆིས་པའིི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱང་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། གྲྭ་བཙུན་སྔགས་གསུམ་གྱི་སྡེ་རྣམས་ཀྱང་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་སྒྲུབ་ཉམས་བཞེས་འཕེལ་བ། འཛམ་གླིང་ཁྱོན་འདིར་སྙིགས་ལྔའི་རྒུད་པ་མཐའ་དག་མིང་གི་ལྷག་མར་ཞི་ནས་འགྲོ་ཀུན་ཆོས་འབྱོར་བདེ་དགས་འཚོ་བ། བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཐང་འབྱོར་པ་རྒྱས་ཤིང་བོད་མིའི་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་བ་སོགས་ལ་དམིགས་པའི་བླ་ལྷའི་ཐུགས་དམ་བཀའ་ལུང་དགོངས་དོན་ཞབས་རིམ་བསྒྲུབ་དགོས་གང་མཆིས་འཚེམས་ལུས་མེད་པར་སྒྲུབ་བཞིན་ཡོད།
ལས་འགན་གཞན་ནི་རིས་སུ་མ་མཆིས་པའིི་བོད་བརྒྱུད་ནང་བསྟན་གྱི་བཤད་སྒྲུབ་བསྟན་པ་མི་ཉམས་གོང་འཕེལ་དང་མཐུན་འབྲེལ་དམ་ཟབ་ཡོང་རྒྱུ་ལ་དམིགས་ཏེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་རྒྱས་བསྡུས་ཁག་བསྡུ་སྐོང་ཞུ་རྒྱུ་དང་། ༸རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་ལས་ཀྱི་འཁོར་ལོས་མི་ཉམས་རྒྱུན་འཛིན་འབྱུང་ཕྱིར་ཤེས་ཡོན་དང་འབྲེལ་བའིི་རོགས་སྐྱོར། བསྟན་འཛིན་མཁས་གྲུབ་འབྱུང་གནས་ཆོས་སྡེ་ཁག་ཏུ་འདུ་ཁང་དང་གྲྭ་ཤག་སོགས་ཉམས་གསོའི་དོན་དུ་གང་ཐུབ་མཐུན་འགྱུར། ཁ་འཐོར་གྲྭ་བཙུན་དང་མཚམས་བསྙེན་པ། དེ་བཞིན་རང་ལོ་དྲུག་བཅུ་ཡན་གྱི་དགེ་འདུན་པ་རྣམས་ལ་འཚོ་སྣོན། སྐྱ་བོའི་མི་མང་རྣམས་ལ་ནང་དོན་རིག་པ་ངོ་སྤྲོད། དགོས་གལ་འབྱུང་ཚེ་ཉམས་ཞིབ་ལས་དོན་སྐྱོང་རྒྱུ། ཕྱོགས་མཚུངས་རྒྱ་གར་དང་ཕྱི་རྒྱལ་ཚོགས་སྡེ་ཁག་ལ་འབྲེལ་གཏུགས་ཞུ་རྒྱུ་སོགས་ཡིན།
ད་ལྟའི་འཆར་ལས་ཁུངས་འདིར་ལས་བྱེད་ ༢༣ ཡོད་ཅིང་། འདིར་ ༡༽ འཛིན་སྐྱོང་། ༢༽ ཞབས་རིམ། ༣༽ རིག་གཞུང་བཅས་སྡེ་ཚན་གསུམ་ཡོད། འཛིན་སྐྱོང་སྡེ་ཚན་གྱིས་དངུལ་རྩིས་སྟངས་འཛིན་དང་། སློབ་ཡོན་དང་འཚོ་སྣོན་ཁུངས་སྤྲོད། ཆོས་ཚོགས་སོགས་ཚོགས་འདུ་བསྡུ་སྐོང་། ཉམས་ཞིབ་ལས་དོན་མཇུག་སྐྱོང་བྱ་རྒྱུ་སོགས་གནང་བ་ཡིན། ཞབས་རིམ་ཚན་པས་ནི་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་འཆར་འཕར་ཁག་དུས་ཐོག་ཇི་བཞིན་སྨིན་སྒྲུབ་ཞུ་རྒྱུའི་ལས་འགན་སྒྲུབ་ཀྱི་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༣ ཉིན་རིག་གཞུང་ཚན་པ་གསར་བཙུགས་ཀྱིས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ལས་གཞི་སྤེལ་རྒྱུ་དང་མཐུན་འགྱུར་རམ་འདེགས་ཞུ་མུས་ཡིན།
| ཨང༌། | མཚན། | དུས་ཡོན། |
| ༡ | ཤན་ཁ་འགྱུར་མེད་བསོད་ནམས་སྟོབས་རྒྱལ། | ༡༩༥༩ ནས་ ༡༩༦༡ |
| ༢ | ཏ་བླ་མ་ཐུབ་བསྟན་ནོར་བཟང༌། | ༡༩༦༡ ནས་ ༡༩༦༤ |
| ༣ |
ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན། |
༡༩༦༤ ནས་ ༡༩༧༥ |
| ༤ |
ཐུབ་བསྟན་ཉིན་བྱེད། |
༡༩༧༦ ནས་ ༡༩༧༩ |
| ༥ |
འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། |
༡༩༧༩ ནས་ ༡༩༨༧ |
| ༦ |
རྒྱ་རི་བློ་གྲོས་རྒྱལ་མཚན། |
༡༩༨༧ ནས་ ༡༩༨༧ |
| ༧ |
ཞེ་བོ་བློ་བཟང་དར་རྒྱས། |
༡༩༨༧ ནས་ ༡༩༨༩ |
| ༨ |
སྐལ་བཟང་ཡེ་ཤེས། |
༡༩༨༩ ནས་ ༡༩༩༦ |
| ༩ |
ཨ་ལག་ཅྭ་ཡེ་བསྟན་འཛིན་དཔར་འབར། |
༡༩༩༦།༦ ནས་ ༡༩༩༧།༣ |
| ༡༠ |
ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན། |
༡༩༩༧།༤ ནས ༡༩༩༩།༣ |
| ༡༡ |
བསོད་ནམས་སྟོབས་རྒྱལ།(བཀའ་བློན་ཁྲི་པ།) |
༡༩༩༩།༤ ནས་ ༡༩༩༩།༩ |
| ༡༢ |
བཀྲ་ཤིས་དབང་འདུས། |
༡༩༩༩།༩ ནས་ ༢༠༠༡།༩ |
| ༡༣ |
ཐུབ་བསྟན་ལུང་རིགས། |
༢༠༠༡།༩།༢༠ ནས་ ༢༠༠༥།༣། |
| ༡༤ |
བློ་བཟང་ཉི་མ། |
༢༠༠༥།༣།༥ ནས་ ༢༠༠༦།༨།༡༤ |
| ༡༥ |
ཟླ་རྒྱས་ཚང་ཆེ་རིང་ཕུན་ཚོགས། |
༢༠༠༦།༡༠།༧ ནས་ ༢༠༡༡།༨།༧ |
| ༡༦ | པདྨ་ཆོས་འབྱོར། | ༢༠༡༡།༩།༡༦ ནས ༢༠༡༦།༥།༢༦ |
| ༡༧ | གཡུ་ཐོག་ཀརྨ་དགེ་ལེགས། | ༢༠༡༦།༦།༡ ནས་ ༢༠༢༡།༥།༢༦ |
| ༡༨ | སྤེན་པ་ཚེ་རིང་། | ༢༠༢༡།༥།༢༧ ནས་ ༢༠༢༦།༦།༢ |
| ༡༨ | ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ། | ༢༠༢༦།༦།༣ ནས་ ལས་ཐོག |
| ཨང༌། | མཚན། | དུས་ཡོན། |
| ༡ | མཁན་དྲུང་ངག་དབང་དོན་གྲུབ། |
༡༩༦༠ ནས་ ༡༩༦༣ |
| ༢ |
བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། |
༡༩༦༣ ནས་ ༡༩༦༥ |
| ༣ |
ངག་དབང་ཆོས་བཟང༌། |
༡༩༧༥ ནས་ ༡༩༧༩ |
| ༤ |
ཁམས་སྤྲུལ་རེན་པོ་ཆེ་འཇམ་དབྱངས་དོན་གྲུབ། |
༡༩༨༠ ནས་ ༡༩༨༥ |
| ༥ |
སྐལ་བཟང་ཡེ་ཤེས། |
༡༩༨༥ ནས་ ༡༩༨༩ |
| ༦ |
ཀརྨ་དགེ་ལེགས། |
༡༩༨༩།༡༢།༥ ནས་ ༡༩༩༣།༡༢།༡༣ |
| ༧ |
བློ་བཟང་མཁས་གྲུབ། |
༡༩༩༤།༡།༣ ནས་ ༢༠༠༠།༧།༡ |
| ༨ |
ཀརྨ་དགེ་ལེགས། |
༢༠༠༠།༡༠།༣ ནས་ ༢༠༠༢།༤།༨ |
| ༩ |
ཨ་མྱེ་ཚང་ཐུབ་བསྟན་བཀྲིས། |
༢༠༠༢།༤།༩ ནས་ ༢༠༠༤།༡༠།༡༣ |
| ༡༠ |
བཀྲིས་ནོར་བུ། |
༢༠༠༤།༡༡།༢༢ ནས་ ༢༠༠༦།༢།༡༥ |
| ༡༡ |
ན་མེ་བླ་ཁང་ཚེ་རིང་དོན་གྲུབ། |
༢༠༠༦།༢།༡༦ ནས་ ༢༠༠༨།༨།༢༦ |
| ༡༢ |
བྱེ་གཞོང་བློ་བཟང་ཚུལ་ཁྲིམས། |
༢༠༠༨།༨།༢༨ ནས་ ༢༠༠༩།༣།༣༡ |
| ༡༣ |
མགོན་པོ་ཕུན་ཚོགས། ༼དྲུང་ཚབ།༽ |
༢༠༠༩།༤།༡༠ ནས་ ༢༠༠༩།༩།༧ |
| ༡༤ |
མགོན་པོ་ཕུན་ཚོགས། |
༢༠༠༩།༩།༨ ནས་ ༢༠༡༠།༡༢།༡༥ |
| ༡༥ | ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས། | ༢༠༡༠།༡༢།༡༣ ནས་ ༢༠༡༣ |
| ༡༦ | སྐྱེད་རྟ་ནོར་བུ་དོན་ལྡན | ༢༠༡༣ ནས་ ༢༠༡༤།༧།༡ |
| ༡༧ | རྒྱལ་གླིང་དོན་གྲུབ་རྡོ་རྗེ། | ༢༠༡༤།༧།༡ ནས་ ༢༠༡༦།༣།༡༤ |
| ༡༨ | ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ། | ༢༠༡༦།༣།༡༥ ནས་ ༢༠༡༦།༨།༧ |
| ༡༩ | བསྟན་འཛིན་ལུང་རྟོགས།(དྲུང་ཚབ།) | ༢༠༡༦།༨།༨ ནས་ ༢༠༡༧།༥།༢༡ |
| ༢༠ | བསྟན་འཛིན་ལུང་རྟོགས། | ༢༠༡༧།༥།༢༢ ནས་ ༢༠༢༠།༡།༩ |
| ༢༡ | ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ། (བཀའ་དྲུང་དང་གཅིག་ལྕོགས།) | ༢༠༢༠།༢།༡༩ ནས་ ༢༠༢༡།༨།༣༠ |
| མཚོ་སྒོ་ལྷག་པ། | ༢༠༢༠།༦།༢༢ ཉིན་ནས་ལས་འགན་བཀོད་སྒྲིག་ཟིན་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་འོག་ལས་བཅར་ཞུ་ཐུབ་མེད། | |
| ༢༢ | ཀླུ་ཁྲི་ཚང་འཆི་མེད་ཚེ་དབྱངས། | ༢༠༢༡།༩།༡ ནས་ ༢༠༢༤།༤།༨ |
| ༢༣ | བདུད་འདུལ་རྡོ་རྗེ། | ༢༠༢༤།༧།༢༥ ནས་ ༢༠༢༦།༦།༡༦ |
| ༢༤ | འཇིགས་མེད་རྣམ་རྒྱལ། | ༢༠༢༦།༦།༡༧ ནས་ ལས་ཐོག |
བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གི་ལོ་རྒྱུས་སྙིང་བསྡུས།
༄༅། །ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ནི། ཕྱི་ལོ་ ༡༩༦༦ ཟླ་བ་ ༠༢ ཚེས་ ༠༢ ཉིན་འཁྲུངས་ཤིང་། རྡོར་གླིང་གཏན་སློབ་ནས་འཛིན་རིམ་ ༡༢ ཐོན་རྗེས་ཕྱི་ལོ་ ༡༩༨༩ ལོར་རྡོར་གླིང་མཐོ་སློབ་ (Government College) ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A.) ཐོན། མཐོ་སློབ་འགྲིམས་སྐབས་ཨིན་ཡིག་མཛུབ་གནོན་ལྕགས་པར་ཟླ་གྲངས་ ༡༠ ཟུར་སྦྱོང་ཐོན། རྡོར་གླིང་གཏན་སློབ་ཏུ་འཛིན་རིམ་ ༡༡ སྐབས་ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་འབྲེལ་གྱི་རྟགས་མའམ་བྱ་དགའ་གསོལ་སྩལ་བྱུང་། གཏན་སློབ་ཀྱི་བུའི་སྤྱི་པའི་རྒན་བདག་དང་སློབ་གྲྭའི་ས་གནས་གཞོན་ནུའི་རུ་ཁག་གི་འཐུས་མིའི་ལས་ཁུར་ཞུས།
ལས་ཁུར་ཞབས་ཞུ་ཇི་ཞུས།
༡། ཕྱི་ལོ་ ༡༩༩༡ ཟླ་བ་ ༡༠ ཚེས་ ༡༠ ནས་ཕྱི་ལོ་ ༡༩༩༣ ཟླ་བ་ ༠༩ ཚེས་ ༣༠ བར་ཤེས་རིག་ལས་ཁུངས་སུ་རང་ཁོངས་ལས་བྱེད་ཞུས།
༢། ཕྱི་ལོ་ ༡༩༩༣ ཟླ་བ་ ༡༠ ཚེས་ ༡ ནས་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་དུ་འདེམས་རྒྱུགས་ཀྱི་ལམ་ནས་ཚུད་དེ་གཞུང་ཞབས་གསར་བསྐོ་གནང་རྗེས་འཕྲོད་བསྟེན་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གནང་།
༣། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༥ ཚེས་ ༠༩ དྲུང་གཞོན་དུ་གནས་སྤར་གྱིས་འཕྲོད་བསྟེན་ལས་ཁུངས་སུ་བསྐོ་གཞག་གནང་།
༤། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༩ ཚེས་ ༠༡ ནས་ཌལ་ཧོར་བཟོ་འགོ་དང་ས་གནས་འགོ་འཛིན་གཅིག་ལྕོགས་སུ་གནས་སྤོས་བསྐོ་གཞག་གནང་།
༥། ཕྱི་ལོ་ ༢༠༠༢ ཟླ་བ་ ༠༧ ཚེས་ ༠༨ ནས་ཟུང་དྲུང་གནས་སྤར་གྱིས་ནང་སྲིད་ལས་ཁུངས་སུ་གནས་སྤོས་བཀོད་སྒྲིག་གནང་།
༦། ཕྱི་ལོ་ ༢༠༠༤ ཟླ་བ་ ༠༦ ཚེས་ ༡༠ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས་བཀོད་སྒྲིག་གནང་། འཕྲོད་བསྟེན་ལས་ཁུངས་ནས་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་འགན་འཛིན་དུ་གནས་སྤོས་བཀོད་སྒྲིག་གནང་།
༧། ཕྱི་ལོ་ ༢༠༠༩ ཟླ་བ་ ༠༧ ཚེས་ ༠༦ ཉིན་ཕྱི་ལོ་ ༢༠༠༩་་་༡༠ ལོའི་གཞུང་ཞབས་འགན་འཛིན་སྡེ་ཚན་གྱི་ཁོངས་ནས་བྱས་རྗེས་གཟེངས་ཐོན་ངོས་འཛིན་གནང་བའི་གཟེངས་རྟགས་གསོལ་རས་གནང་།
༨། ཕྱི་ལོ་ ༢༠༡༠ ཟླ་བ་ ༠༡ ཚེས་ ༢༠ ནས་དྲུང་འཕར་དུ་གནས་སྤར་གྱིས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས་བཀོད་སྒྲིག་གནང་།
༩། ཕྱི་ལོ་ ༢༠༡༤ ཟླ་བ་ ༡༠ ཚེས་ ༠༧ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག་གནང་།
༡༠། ཕྱི་ལོ་ ༢༠༡༤ ཟླ་བ་ ༡༠ ཚེས་ ༡༣ ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་།
༡༡། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༣ ཚེས་ ༡༥ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས་གནང་།
༡༢། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༨ ཚེས་ ༠༡ ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས་གནང༌།
༡༣། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༤ ཚེས་ ༠༨ ནས་བཀའ་དྲུང་ཡིག་ཚང་གི་དྲུང་ཆེར་གནས་སྤོས་གནང་།
༡༤། ཕྱི་ལོ་ ༢༠༢༠ ཟླ་བ་ ༠༢ ཚེས་ ༠༣ ནས་བཀའ་དྲུང་གི་ལས་འགན་ཐོག་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་གཅིག་ལྕོགས་བསྐོ་གཞག་གནང་།
༡༥། ཕྱི་ལོ་ ༢༠༢༡ ཟླ་བ་ ༠༨ ཚེས་ ༠༣ ཉིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་རྩིས་སྤྲོད་ཞུས་ནས་བཀའ་དྲུང་གི་ལས་འགན་ཞུ་མུས་ཐོག་དབུས་གོ་སྟོན་གོ་སྒྲིག་ཚོགས་ཆུང་དང་། ལས་བྱེད་གནས་སྤོ་བཀོད་སྒྲིག་ཚོགས་ཆུང་། ལས་འབོར་ཞིབ་འཇུག་ཚོགས་ཆུང་བཅས་གཙོ་བོར་གྱུར་པའི་ཚོགས་ཆུང་ཁག་ ༡༡ གི་ཚོགས་གཙོའི་ལས་ཁུར་ཞུས་དང་ཞུ་མུས་བཅས་ཁྱོན་ད་བར་རང་ཁོངས་ལས་བྱེད་ལོ་ ༢ དང་། གཏན་འཇགས་གཞུང་བསྐོས་ལས་བྱེད་ལོ་ ༣༣ བསྡོམས་ལོ་ངོ་ ༣༥ རིང་ཞབས་འདེགས་ཞུས་ཡོད།
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པ་ཉིན་ལས་ཁུར་དམ་འབུལ་ཞུས་ཏེ་ཆོས་རིག་བཀའ་བློན་གྱི་ལས་ཁུར་དབུ་བཙུགས་གནང་ཡོད་པ་བཅས།།
