ཆོས་རིག་བཀའ་བློན་མཆོག་སིམ་སྤྱི་ཁྱབ་ཁོངས་ས་ཁུལ་ཁག་དང་། འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དང་ཇོ་ནང་མ་དགོན་རྟག་བརྟན་རྒས་གསོ་ཁང་། སིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ་བཅས་སུ་འཚམས་གཟིགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣༡ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་སིམ་སྤྱི་ལས་ཁུངས་ཀྱི་ཁྱབ་ཁོངས་ས་ཁུལ་ཁག་དང་། འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དང་ཇོ་ནང་མ་དགོན་རྟག་བརྟན་རྒས་གསོ་ཁང་། སིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ་བཅས་སུ་འཚམས་གཟིགས་གནང་ཡོད།
དེ་ཡང་སྔ་དྲོ་ཕྱག་ཚོད་ ༩།༠༠ ཐོག་ཁྲི་བརྟན་གླིང་དང་། བཀྲ་ཤིས་སྟེང་། འཆི་མེད་གླིང་བཅས་སུ་བགྲེས་སོང་ཉམ་ཐག་འགའ་ཐུག་འཕྲད་དུ་ཕེབས་རྗེས། སིམ་སྤྱི་ལས་ཁུངས་སུ་དྲྭ་ཐོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་ལྷན་ཚོགས་མཉམ་ཞུགས་གནང་།
དེ་རྗེས་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་མཆོད་མཇལ་དང་སྦྲགས་དགོན་པའི་མཁན་པོ་ལྷན་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་འགྲོ་བཞིན་པ་གནས་སྐོར་མཉེན་ཆས་དང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་ངོ་སྤྲོད་གནང་། དེ་ནས་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དང་ཁྱབ་ཁོངས་རྒས་གསོ་ཁང་དུ་འཚམས་གཟིགས་སུ་ཕེབས།
དེ་ནས་ཉིན་གུང་གསོལ་ཚིགས་རྗེས་སངས་རྒྱས་ཆོས་གླིང་དུ་འཚམས་གཟིགས་སུ་ཕེབས་ཤིང་ཚོགས་ཁང་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། རྒྱ་དཔོན་གྱི་གཞིས་སྒར་ནང་ཉམ་ཐག་མེད་པ་དང་། ད་བར་བོད་མིའི་སྒྲིག་འཛུགས་ལ་རོགས་རམ་ཡོང་བའི་སྙན་བསུན་བཟོ་མི་དགོས་པ་གཙོ་འདོན་བྱེད་བཞིན་པའི་སྐོར་སྙན་སྒྲོན་ཞུས་པར་ཡི་རང་བསྔགས་བརྗོད་གནང་ཡོད། དེ་རྗེས་རང་བཙན་གྲོང་སྡེར་འཚམས་གཟིགས་སུ་ཕེབས།
ཕྱེད་ཡོལ་ཕྱག་ཚོད་ ༣ པའི་ཐོག་སིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭར་ཕེབས་ཅིང་། སློབ་གྲྭའི་སློབ་སྤྱི་དང་དགེ་ལས་སློབ་ཕྲུག་རྣམས་ནས་རྔ་རོལ་རུ་སྒྲིག་གིས་ཚོགས་ཁང་ནང་ཕེབས་བསུ་ཞུས། སློབ་སྤྱིས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་དང་བཀའ་བློན་མཆོག་སློབ་གྲྭར་ཕེབས་པར་དགའ་བསུ་ཞུས། དེ་ནས་ཕྲུག་རྣམས་ནས་བོད་ལྗོངས་ང་ཚོའི་ཕ་ཡུལ་གཟིགས་འབུལ་ཞུས་པ་དང་། ཆོས་རིག་བཀའ་བློན་མཆོག་ནས་སློབ་ཕྲུག་དགེ་ལས་རྣམས་ལ་གསུང་བཤད་གནང་ཡོད། དེ་ཡང་སློབ་ཕྲུག་ཚོར་དམིགས་ཏེ་དོན་ཚན་གསུམ་གྱི་ཐོག་གསུང་བཤད་གནང་དོན།
༡། སློབ་གྲྭར་སློབ་སྦྱོང་གི་ཆེད་དུ་ཡོང་གི་ཡོད་བརྟེན་སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་པ་དང། དེང་དུས་སློབ་སྦྱོང་མཐར་འཁྱོལ་བ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། སློབ་སྦྱོང་མཐར་འཁྱོལ་བར་ད་ལྟ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ། ཁང་པའི་རྩིག་རྨང་ཡག་པོ་མེད་ན་ཁང་པ་བརྟན་པོ་མེད་པ་བཞིན། གཞི་རིམ་སློབ་གྲྭའི་སྐབས་སློབ་སྦྱོང་ཡག་པོ་མ་གནང་ན་མཐོ་སློབ་ཏུ་སླེབས་དུས་དཀའ་ངལ་ཆེན་པོ་འཕྲད་ཉེན།
༢། སློབ་གྲྭའི་སྒྲིག་གཞི་ཁག་བརྩི་སྲུང་བྱེད་དགོས་པ་དང་། དགེ་ལས་རྣམས་ལ་གུས་བརྩི་དང་དགེ་རྒན་གྱི་གང་གསུངས་པ་རྣམས་ཡིད་ལ་བཅངས་པའི་ཐོག་ནས་ཕྱག་བསྟར་དགོས་པ།
༣། སློབ་སྦྱོང་གི་བརྒྱུད་རིམ་ནང་ལུས་སེམས་བདེ་ཐང་ངེས་པར་དགོས་ཤིང་། ལུས་སེམས་བདེ་ཐང་ལ་གཙང་སྦྲ་འཕྲོད་བསྟེན་གལ་ཆེན་པོ་ཆགས་ཡོད་པ་དང་། འཕྲོད་བསྟེན་ཡག་པོ་མེད་ན་སློབ་སྦྱོང་གི་གོ་སྐབས་འཐུས་ཤོར་འགྲོ་ངེས་ཡིན་པ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་། དགེ་ལས་ཚོར་ད་ལྟ་བར་དུ་ཕྱག་ལས་ཧུར་ཐག་གནང་བ་བཞིན་མུ་འཐུད་གནང་རྒྱུའི་འབོད་བསྐུལ་ཞུས་ཤིང་། སློབ་ཁྲིད་གནང་སྐབས་སྐད་ཡིག་གང་བསྐྱོན་ནའང་སྲེ་ལྷད་མེད་པར་གཙང་མ་བསྐྱོན་ཐབས་གནང་དགོས་པ། དེ་བཞིན་སློབ་ཕྲུག་མིག་དཔེ་ཡར་བལྟ་གནང་ས་དགེ་ལས་རྣམས་ཡིན་བརྟེན་དགེ་ལས་རྣམས་ནས་སྒོ་གསུམ་ཀུན་སྤྱོད་ལ་ཐུགས་སྣང་གནང་གལ་བཅས་གསུང་བཤད་གནང་ཡོད་པ་བཅས་སིམ་ལ་ས་གནས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་སྡེ་ཚན་ཁག །མི་མང་ཐུག་འཕྲད་བཅས་ཀྱི་འཚམས་གཟིགས་གནང་རྒྱུ་ལེགས་གྲུབ་བྱུང་བ་བཅས།།







