ཆོས་རིག་བཀའ་བློན་མཆོག་བོད་ཀྱི་ལོ་ཙཱ་བའི་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༣༠ ཉིན་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུས་པའི་བོད་ཀྱི་ལོ་ཙཱ་བའི་ཟབ་སྦྱོང་གི་མཇུག་བསྡོམ་མཛད་སྒོའི་ཐོག་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་ཡོད་ཅིང་། སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཆེད་ཕེབས་གནང་ཡོད།

ཟབ་སྦྱོང་ཐོག་དགོན་སྡེ་ཁག་མི་འདྲ་བའི་དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་བསྡོམས་ ༡༢ མཉམ་ཞུགས་གནང་ཡོད་པ་དང་ཕལ་ཆེ་བ་ནི་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པ་རེད། ཟབ་སྦྱོང་དེ་བཞིན་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་ཐུན་མོང་ནས་མཐུན་འགྱུར་རམ་འདེགས་གནང་བ་ཞིག་དང་། དེ་བཞིན་བོད་ཀྱི་ཐེབས་རྩའི་བརྒྱུད་ཨ་རིའི་གཞུང་ནས་ཀྱང་མཐུན་འགྱུར་གནང་ཡོད།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་ཕུལ་ཞུས་གྲུབ་མཚམས། ཚོགས་བཅར་བ་གཉིས་ནས་ཟླ་བཅུ་གཅིག་རིང་གི་ལོ་ཙཱ་བའི་ཟབ་སྦྱོང་གི་ཉམས་མྱོང་མཉམ་སྤྱོད་གནང་ཡོད་པ་མ་ཟད། ཟབ་སྦྱོང་གི་ཨིན་ཇིའི་དགེ་རྒན་ཞིག་ནས་ཀྱང་ཟབ་སྦྱོང་ཁྲོད་རང་ཉིད་ལ་བྱུང་བའི་མྱོང་ཚོར་མཉམ་སྤྱོད་གནང་ཡོད།

དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཡིག་སྒྱུར་གྱི་གལ་གནད་དང་སྒྱུར་མཁན་གྱི་འགན་ཁུར་ཐོག་གསུང་བཤད་གནང་གྲུབ་མཚམས། ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་ཟླ་བཅུ་གཅིག་རིང་གྱི་ཟབ་སྦྱོང་ཁྲོད་དགོན་སྡེ་ཁག་མི་འདྲ་བ་དང་ཨིན་སྐད་ཀྱི་ཤེས་ཚད་མི་འདྲ་བའི་ཚོགས་བཅར་བ་ ༡༢ རྣམས་ལ་ཟབ་ཁྲིད་གནང་མཁན་དགེ་རྒན་རྣམས་ནས་ལྷག་བསམ་ཧུར་བསྐྱེད་ཆེན་པོས་སློབ་ཁྲིད་གནང་བར་ཡི་རང་བསྔགས་བརྗོད་ཞུས་ཡོད།

དེ་བཞིན་དེ་འདྲ་བའི་ལོ་ཙཱ་བའི་ཟབ་སྦྱོང་འདི་ནི་ཐོག་མ་ཡིན་པ་དང་། ཆོས་རིག་ལས་ཁུངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཕེབས་པའི་བྱམས་བརྩེའི་ལོ་སྲུང་བརྩིའི་ལས་རིམ་ཆ་ཤས་སུ་གོ་སྒྲིག་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང། དེ་བཞིན་ཟབ་སྦྱོང་གི་དམིགས་ཡུལ་ནི་དགེ་འདུན་པ་དང་བཙུན་མ་རྣམས་ཀྱི་ཨིན་སྐད་ཀྱི་ཆུ་ཚད་ཡར་རྒྱས་བཏང་སྟེ་ནང་བསྟན་ཨིན་སྐད་ཐོག་སྒྱུར་བར་ཞབས་འདེགས་གྲུབ་རྒྱུ་དང་བོད་སྐད་མ་ཤེས་པའི་མི་རིགས་རྣམས་ལ་ནང་བསྟན་འགྲེལ་བརྗོད་གནང་ཆེད་དུ་ཡིན་པ་གསུངས། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཟབ་སྦྱོང་ལས་ཐོབ་པའི་ཤེས་རྒྱ་དག་ལས་ཚན་རིག་པ་དང་བྱེ་བྲག་ཏུ་ནང་ཆོས་དང་ཚན་རིག་པར་བསམ་ཚུལ་བརྗེ་ལེན་དང་གོ་བསྡུར་སྦྱངས་ཤེས་ཐུབ་པ་དགེ་ཚན་ཆེན་པོ་ཡོད་པ་གསུངས།མཐར་བཀའ་བློན་མཆོག་གིས་ཚོགས་བཅར་བ་རྣམས་ནས་ཟབ་སྦྱོང་ལས་ཐོབ་པའི་ཤེས་བྱ་ཡོན་ཏན་རྣམས་རྒྱུན་སྐྱོང་དང་མུ་མཐུད་ཡར་རྒྱས་གཏོང་སླད་འབད་བརྩོན་གནང་དགོས་པའི་སྐུལ་འདེད་གནང་ཡོད། ཐེངས་འདིའི་མཇུག་བསྡོམས་མཛད་སྒོ་དེ་བཞིན་ཕྱི་ཟླ་ ༩ ཚེས ༣༠ འཛམ་གླིང་སྐད་སྒྱུར་ཉིན་མོ་དང་བསྟུན་གོ་སྒྲིག་གནང་བ་ཞིག་ཡིན་པ་བཅས། །

 

keyboard_arrow_up