༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་ཆོས་རིག་བཀའ་བློན་མཆོག་གིས་འཚམས་འདྲིའི་མཇལ་ཁ་ཞུས་པ།

༄༅། །ཆོས་རིག་བཀའ་བློན་མཆོག་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༥ ཉིན་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་འཚམས་མཇལ་ཞུས་པ་དང་། སྡེ་ར་སྡུན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་སྡེ་ཚན་ཁག དེ་བཞིན་ཚེ་རིང་དོན་ལྡན་གཞིས་ཆགས་བཅས་སུ་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་༸དཔལ་ས་སྐྱ་༸སྒྲོལ་མ་ཕོ་བྲང་དུ་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་འཚམས་མཇལ་ཞུས་ཤིང་། ཆོས་རིག་ལས་ཁུངས་ཀྱི་སྔར་སྲོལ་བཟང་པོ་བཞིན་བཀའ་ཤག་སྐབས་ ༡༧ པའི་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་ཏེ་དབུ་ཁྲིད་བླ་ཆེན་རྣམ་པར་འཚམས་མཇལ་ཞུ་སྲོལ་ཡོད་པ་ལྟར་འཛིན་སྐྱོང་གི་ལས་དོན་ལམ་ལྷོང་ཡོང་ཕྱིར་ཐུགས་སྨོན་སྐྱབས་འཇུག་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས། དེ་བཞིན་བཀའ་ཤག་སྐབས་ ༡༧ པའི་བཀའ་བློན་གྲུབ་ཆ་དང་། བཀའ་ཤག་གི་སྤྱི་ཡོངས་ཀྱི་ལས་དོན་ཞུ་ཕྱོགས་དང་ལངས་ཕྱོགས། ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་། བོད་ཀྱི་གྲངས་འཛིན་དཔེ་མཛོད་བཅས་ངོ་སྤྲོད་ཞུས།
༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་བོད་ཀྱི་སྐད་དང་ཡི་གེ་ཉམས་ཆག་ཧ་ཅང་ཆེན་པོ་འགྲོ་བཞིན་པར་ཐུགས་འཚབ་ཆེན་པོ་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་བཀའ་ཤག་ལ་ཞུས་དོན་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ནང་༸དཔལ་ས་སྐྱ་ཁྲི་འཛིན་ཞེ་བཞི་པ་༸ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ་བསྐྱངས་གཏན་ཁེལ་བ་བཞིན་སླད་ཕྱིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལས་དོན་གནང་སྒོ་ཁག་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་ལ་འབྲེལ་བ་གནང་དགོས་པའི་བཀའ་སློབ་བསྩལ།
དེ་རྗེས་སྡེ་ར་སྡུན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ས་གནས་བཟོ་གྲྭ་དང་། ཤེལ་གྱི་བཟོ་གྲྭ (Exile Creations Private Limited) ཞེས་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་། ས་གནས་སྤྱི་རྒྱ་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁུངས། སྐོར་སྐྱོད་ཁྲིམས་ཞིབ་ཁང་དང་བྱང་ཕྱོགས་ཁྲིམས་ཞིབ་ཁང་། བདེ་སྐྱིད་གླིང་གཞི་རིམ་དང་སྔོན་འགྲོ་སློབ་གྲྭ་བཅས་ལ་འཚམས་གཟིགས་སུ་ཕེབས་སྐབས་ཚན་པ་སོ་སོས་ཕེབས་བསུ་ཞུས། ཆོས་རིག་བཀའ་བློན་མཆོག་ནས་ཚན་པ་སོ་སོའི་ལས་བྱེད་རྣམས་ལ་ད་བར་ཕྱག་ལས་ལྷག་བསམ་རྣམ་དག་གི་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་མུ་མཐུད་ཕྱག་ལས་ཧུར་ཐག་གནང་རོགས་དང་། སྨན་ཁང་ནང་ཕྱག་ལས་གནང་མཁན་ཚོར་ནད་པ་རྣམས་ལ་ངག་འཇམ་པོའི་ཐོག་ནས་བཀའ་མོལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་ལ་ལམ་སྟོན་གནང་། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་དང་ལས་བྱེད་རྣམས་ལ་ཉིན་རེའི་འཚོ་བའི་ནང་སྒོ་གསུམ་ཀུན་སྤྱོད་རྣམས་ཡ་རབས་སྤྱོད་བཟང་གི་སྒོ་ནས་སློབ་ཁྲིད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པའི་སྐོར་ལ་ལམ་སྟོན་གནང་།
ཉིན་གུང་གསོལ་ཚིགས་རྗེས་སུ་ཚེ་རིང་དོན་ལྡན་གཞིས་ཆགས་སུ་འཚམས་གཟིགས་ཕེབས་སྐབས་སྤྱི་མི་དང་བརྒྱ་དཔོན། བུད་མེད་ཚོགས་པ། མི་མང་བཅས་ནས་ཕེབས་བསུ་ཞུས། ཐོག་མར་གཞིས་ཆགས་ཀྱི་ནོར་གླིང་མི་མང་ཚོགས་ཁང་ནང་མང་ཚོགས་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། དེ་ཡང་བཀའ་ཤག་སྐབས་ ༡༧ པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་སྒྲུབ་རྒྱུ་གཙོ་འདོན་དང་། ༸སྐུ་མདུན་ཐུགས་བསུན་བཟོ་མི་དགོས་པ། གཞི་ལུས་བོད་མི་རྣམས་ཐུགས་ཕམ་འགྲོ་གཞིའི་ལས་དོན་བྱེད་རྒྱུ་མེད་པ། དེ་བཞིན་ད་ལྟའི་བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་དང་སྒྲིག་གཞི་གཙོ་བོར་བཟུང་བའི་ཐོག་ནས་ལག་བསྟར་ཞུ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་རྣམས་མྱུར་པོ་དང་ཚགས་ཚུད་ཡོང་སླད་གློག་འཕྲུལ་ཡིག་ཚགས་ཐོག་ནས་ཕྱག་ལས་གནང་འགོ་བཙུགས་ཟིན་པ། ཆོས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་གྲངས་འཛིན་དཔེ་མཛོད་བཅས་ཀྱི་ངོ་སྤྲོད་གནང་ཡོད། དེ་རྗེས་ས་གནས་ཀྱི་ལས་ཁུངས་དང་སྡེ་ཚན་ཁག་ལ་འཚམས་གཟིགས་སུ་ཕེབས་ཏེ་ཉིན་གཉིས་པའི་འཚམས་གཟིགས་ཀྱི་ལས་རིམ་ལེགས་གྲུབ་བྱུང་བ་བཅས།།

keyboard_arrow_up