དཔེ་རྙིང་ཉར་ཚགས་གནང་སྟངས་ཀྱི་སྦྱོང་བརྡར།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་ཟུང་འབྲེལ་ཐོག་ཕྱི་ཟླ་ ༧ ཚེས་ ༡༤ ནས་ ༡༧ བར་ཉིན་གྲངས་བཞིའི་རིང་དཔེ་རྙིང་ཉར་ཚགས་གནང་སྟངས་ཀྱི་སྦྱོང་བརྡར་ཐེངས་དང་པོ་གོ་སྒྲིག་ཞུས་ཡོད།

སྦྱོང་བརྡར་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ཆོས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། དེ་བཞིན་དཔེ་རྙིང་ཉར་ཚགས་ཀྱི་ཆེད་ལས་པ་ཨ་ནུ་པཾ་སཱཧ་ (Dr. Anupam Sah) ལགས་བཅས་ནས་དཔེ་རྙིང་དང་དངོས་རྫས་རྙིང་རིགས་ཉར་ཚགས་ཡག་པོ་བྱེད་དགོས་རྒྱུ་གལ་ཆེ་ཡིན་པའི་སྐོར་གསུང་བཤད་གནང་ཡོད།

སྦྱོང་བརྡར་འདི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིའི་ཁོངས་ཆོས་སྡེ་ཁག་དང་རིག་གཞུང་བསྟི་གནས་ཁང་ཁག་ཏུ་ཡོད་པའི་རྩ་ཆེའི་དཔེ་རྙིང་དང་སྐུ་རྟེན། སྐུ་ཐང་དངོས་རིགས་སོགས་གནམ་གཤིས་དང་འབུ་སྲིན་རིགས་ཀྱིས་འཕྲོ་བརླག་མི་འགྲོ་བར་ཉར་ཚགས་རྒྱུན་རིང་ཡོང་ཐབས་ཀྱི་སྦྱོང་བརྡར་ལས་གཞི་ཞིག་ཡིན།

ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་བྱང་ཁུལ་དུ་ཡོད་པའི་ཆོས་སྡེ་ཁག་ ༡༤ དང་། རིག་གཞུང་བསྟི་གནས་ཁང་གསུམ་ནས་སྦྱོང་བརྡར་བ་མི་གྲངས་ ༢༦ ནས་མཉམ་ཞུགས་གནང་ཡོད། །

keyboard_arrow_up