༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞིའི་འོག ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༦ ནས་ ༢༧ བར་ཉིན་གཉིས་རིང་འབྲེལ་ཡོད་དགོན་སྡེ་ཁག་བརྒྱ་ཙམ་དང་རིག་གཞུང་བསྟི་གནས་ཁང་ཁག་ལྔ་ཙམ་གྱི་འཐུས་མི་ལྷན་དྲྭ་ཐོག་ཚོགས་འདུ་ཞིག་ཚོགས་ཡོད།
ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི། རིས་མེད་ཆོས་སྡེ་ཁག་ལ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་ཀྱི་གྲངས་འཛིན་དཔེ་མཛོད་གསར་བཟོའི་ལས་གཞི་ཁག་ངོ་སྤྲོད་དང་། བོད་ཀྱི་རྩ་ཆེའི་ཡིག་ཆ་རྙིང་རིགས་དང་། དཔེ་རིས་ཁག་དེང་དུས་དང་མཐུན་པའི་ཐོག་ཉར་ཚགས་དང་། སྲུང་སྐྱོབ་ཡོང་ཐབས་སུ་འཕྲུལ་ལས་དང་ཆེད་ལས་པའི་མཐུན་འགྱུར་སོགས་ཀྱི་ངོ་སྤྲོད་དང་། གོ་རྟོགས་སླད་ཡིན། འབྲེལ་ཡོད་ལས་བྱེད་རྣམས་ནས་འདས་པའི་ཟླ་གཉིས་ནང་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་དགོན་སྡེ་ཁག་ལ་ཡིག་ངག་གཉིས་ཀྱི་ལམ་ནས་འབྲེལ་བ་བྱས་པ་དང་། ལྷག་པར་ཀ་རྡོར་སྒང་གསུམ་དང་ལྡེ་ར་སྡུན་གཡས་གཡོན་དུ་ཡོད་པའི་དགོན་སྡེ་ཁག་ཏུ་ལས་བྱེད་ཆེད་བཅར་གྱིས་འབྲེལ་བ་ཞུས་ཏེ། ད་ལན་འབྲེལ་ཡོད་དགོན་པ་ཁག་དང་ལྷན་དུ་དྲྭ་ཐོག་ནས་ཚོགས་འདུ་འདི་ཚོགས་ཡོད།
ཆོས་རིག་དྲུང་ཆེ་ཀྱིས་འཚམས་འདྲིའི་གསུང་བཤད་དང་། དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ནས་བཀའ་སློབ་ལམ་སྟོན། ཆོས་རིག་དྲུང་འཕར་གྱིས་ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད། རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ལགས་ཀྱིས་ལས་གཞིའི་བརྒྱུད་རིམ་དང་ད་ལྟའི་གནས་སྟངས། གྲངས་འཛིན་དཔེ་མཛོད་ཀྱི་ལས་བྱེད་མཚོ་མོ་ལགས་ཀྱིས་གྲངས་འཛིན་དཔེ་མཛོད་ཀྱི་ངོ་སྤྲོད་དང་མ་འོངས་པའི་ལས་གཞིའི་བརྒྱུད་རིམ། ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་ལས་བྱེད་ཀརྨ་གོང་བདེ་ལགས་ཀྱིས་དཔེ་མཛོད་འཛིན་སྐྱོང་མ་ལག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དང་ལས་གཞིའི་སློབ་སྟོན་པ་དགེ་བཤེས་སྨོན་ལམ་ལགས་ཀྱིས་དཀར་ཆག་རིག་པའི་ངོ་སྤྲོད་བཅས་གཏམ་བཤད་ཡོངས་སུ་ཟིན་རྗེས། ཚོགས་བཞུགས་པ་རྣམས་དང་ལྷན་དྲི་བ་དྲིས་ལན་གྱི་ལམ་ནས་ཚོགས་འདུ་མཇུག་བསྒྲིལ།།