འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཆོས་རིག་དྲུང་ཆེའི་ལས་ཁུར་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༨ ཉིན་སྤྲོད་དཔང་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དབུ་བཞུགས་ཐོག་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་འཇིགས་མེད་རྣམ་རྒྱལ་ལགས་དང་། དྲུང་ཆེ་ཟུར་པ་བདུད་འདུལ་རྡོ་རྗེ་ལགས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཡང་ཐོག་མར་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཙམ་ལ་ཆོས་རིག་ལས་ཁུངས་སུ་སྤྲོད་དཔང་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། དྲུང་ཆེ་གསར་པ་འཇིགས་མེད་རྣམ་རྒྱལ་ལགས། དྲུང་ཆེ་ཟུར་པ་བདུད་འདུལ་རྡོ་རྗེ་ལགས་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྤྲོད་དཔང་དང་དྲུང་ཆེ་གསར་རྙིང་བཅས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྐུ་ཕྱག་དང་སྙན་དར་བསྒྲོན་ཏེ་རྩིས་སྤྲོད་རྩིས་ལེན་གནང་གྲུབ་བསྟུན། ཆོས་རིག་དྲུང་ཆེ་ཟུར་པ་ནས་དྲུང་ཆེ་གསར་པར་ཞབས་སྟེགས་རྩིས་སྤྲོད་ཀྱིས་མཇལ་དར་ཕུལ།
དེ་རྗེས་ཆོས་རིག་ཚོགས་ཁང་དུ་སྤྲོད་དཔང་དབུ་བཞུགས་ཐོག ཆོས་རིག་དྲུང་ཆེ་དང་ལས་བྱེད་ཚང་འཛོམས་ཀྱིས་རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་རྗེས་དྲུང་ཆེ་ཟུར་པ་བདུད་འདུལ་རྡོ་རྗེ་ལགས་ནས་དྲུང་ཆེ་གསར་པ་འཇིགས་མེད་རྣམ་རྒྱལ་ལགས་ལ་ཆོས་རིག་ལས་ཐམ་རྩིས་སྤྲོད་དང་རྟེན་འབྲེལ་མཚོན་བྱེད་མཇལ་དར་ཕུལ།
དེ་རྗེས་སྤྲོད་དཔང་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དྲུང་ཆེ་གསར་པར་རྟེན་འབྲེལ་མཚོན་བྱེད་མཇལ་དར་ཕུལ་རྗེས་ཆོས་རིག་ལས་བྱེད་ཡོངས་ནས་དྲུང་ཆེ་ལ་གསར་མཇལ་རྟེན་འབྲེལ་གྱི་མཇལ་དར་ཕུལ། དེ་ནས་སྤྲོད་དཔང་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཆོས་རིག་དྲུང་ཆེ་ཟུར་པ་བདུད་འདུལ་རྡོ་རྗེ་ལགས། ཆོས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་བཅས་ནས་རིམ་པས་གསུང་བཤད་གནང་སྟེ་དྲུང་ཆེ་གསར་པའི་རྟེན་འབྲེལ་མཛད་སྒོ་བདེ་ལེགས་ངང་གྲོལ།། །།

keyboard_arrow_up