བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞི་ཐེངས་བརྒྱད་པའི་མཐའ་མའི་འདེམས་སྒྲུག་གནང་བཞིན་པ།

༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་། བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞི་ཐེངས་བརྒྱད་པའི་སྙན་འབུལ་བ་རྣམས་ཀྱི་ལས་འཆར་འདེམས་སྒྲུག་ཆེད་ངོ་འཕྲད་དང་དྲྭ་ཐོག་གང་རུང་ཐོག་ནས་འདྲི་གླེང་གནང་བཞིན་ཡོད།

དེ་ཡང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་མི་གསུམ་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་བོད་ཀྱི་གནའ་དེང་སྒྱུ་རྩལ་དང་འབྲེལ་བའི་ལས་འཆར་གྱི་སྙན་འབུལ་བ་གྲངས་ ༢༦ བྱུང་ཡོད་ཁོངས་ནས་རྡ་ས་ཉེ་འཁྲིས་སུ་གནས་སྡོད་སྙན་འབུལ་བ་རྣམས་ལ་ངོ་འཕྲད་འདྲི་གླེང་དང་། ཕྱོགས་མཐའ་ཁག་ཏུ་ཡོད་པའི་སྙན་འབུལ་བ་རྣམས་ལ་དྲྭ་རྒྱའི་བརྒྱུད་དྲི་བ་དྲིས་ལན་གནང་ཡོད།

དེ་རིང་ནས་བཟུང་ཉིན་གྲངས་གཉིས་ཀྱི་རིང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་ཉམས་ཞིབ་གནང་མཁན་སྙན་འབུལ་བ་གྲངས་ ༤༣ ལ་ངོ་འཕྲད་དང་དྲྭ་རྒྱའི་བརྒྱུད་བཅར་འདྲི་དང་ལས་འཆར་འདེམས་སྒྲུག་གནང་བཞིན་ཡོད།

ཐེངས་འདིའི་ལས་གཞིའི་ནང་སྙན་འབུལ་བ་ཚོགས་སྒེར་ཁག་ཁྱོན་བསྡོམས་  ༦༩ བྱུང་ཡོད་པ་དང་། འདེམས་སྒྲུག་བྱུང་བའི་སྙན་འབུལ་བ་རྣམས་ཀྱི་ལས་འཆར་ཆེད་དེ་སྔ་བཞིན་རོགས་དངུལ་ཧིན་སྒོར་འབུམ་ ༡ ནས་ ༣ བར་གནང་སྟེ། ལས་འཆར་ཁག་དངོས་སུ་འགོ་བཙུགས་ཀྱིས་དུས་ཡུན་ལོ་གཅིག་ནང་ལས་གཞི་མཇུག་སྒྲིལ་ཟིན་པ་དགོས།

ལས་གཞི་འདི་ཕྱི་ལོ་ ༢༠༡༧ ནས་ཨ་རིའི་རོགས་ཚོགས་ཀྱི་རོགས་དངུལ་མཐུན་འགྱུར་འོག་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་དེང་གི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ལ་དམིགས་ཏེ། རྒྱ་གར་ནང་དུ་ཡོད་པའི་བོད་རིགས་སྒྱུ་རྩལ་བ་དང་། ཉམས་ཞིབ་པ། རིག་གཞུང་བསྟི་གནས་ཁག་ལ་ཆེད་ལས་ཡར་རྒྱས་དང་རྒྱུན་གནས་སླད་རོགས་དངུལ་འབུལ་གྱི་ཡོད། ད་བར་ལས་གཞི་འདིའི་འོག་རོགས་དངུལ་འཐོབ་མཁན་ཚོགས་སྒེར་ཁག་ཁྱོན་བསྡོམས་གྲངས་ ༡༧༦ ལ་རོགས་དངུལ་ཐོབ་ཡོད་པ་བཅས།། །།

keyboard_arrow_up