དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོར་ཆོས་རིག་བཀའ་བློན་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༣༠ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཐེངས་ ༤ དབུ་འབྱེད་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཕྱག་ཚོད་ ༢།༣༠ ཐོག་ཆོས་རིག་བཀའ་བློན་མཆོག་བོད་ཀྱི་ཟློས་གར་ཚོགས་པར་ཕེབས་འབྱོར་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་དགེ་ལས་ཚོགས་མི་རྣམས་ནས་ཕེབས་བསུ་ཡིས་བོད་ཀྱི་ཟློས་གར་ཚོགས་པའི་གསོལ་སྟོན་ཚོགས་ཁང་དུ་གདན་ཞུས་གནང་།

དེ་ནས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་སྐུ་ཕྱག་ཕུལ་ཏེ་ལྷ་དར་དཀར་པོ་བསྒྲོན་ཅིང་སྣང་གསལ་མར་མེ་ཞལ་འབྱེད་གནང་གྲུབ་མཚམས། སྐུ་མགྲོན་དང་སློབ་ཕྲུག་དང་ཕ་མ་རྣམ་པར་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་འཚམས་འདྲི་དང་ངོ་སྤྲོད་གསུང་བཤད་གནང་།

དེ་ནས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཅར་པའི་བོད་རིགས་སློབ་ཕྲུག་རྣམས་ལ་འཚམས་འདྲིའི་མཇལ་དར་བསྒྲོན་རྗེས། སློབ་ཕྲུག་རེ་རེ་ནས་སོ་སོའི་ངོ་སྤྲོད་གནང་སྟེ་ཆོས་རིག་བཀའ་བློན་དབུ་བཞུགས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པའི་འགོ་ལས་དང་སྒྱུ་རྩལ་སྦྱོང་བརྡར་བའི་སློབ་ཁྲིད་པ་དང་ལྷན་དུ་མཉམ་པར་བསྒྲོན།

དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་ནས་བཀའ་སློབ་གསུང་བཤད་གནང་། དེ་ཡང་ཐོག་མར་ཆོས་རིག་བཀའ་བློན་མཆོག་ནས་ཕྲུ་གུ་ཚོའི་ཕ་མ་རྣམས་ཐུགས་འཁུར་ཆེ་བཞེས་ཀྱིས་ཟླ་གཅིག་རིང་གི་གུང་གསེང་དུས་ཡུན་རིང་སོ་སོ་ཕྲུ་གུ་ས་ཐག་རིང་པོ་འདིར་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཆེད་བཏང་གནང་བར་ཕ་མ་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་། ཕ་མས་ཕྲུ་གུ་ཚོར་རང་གི་རིག་གཞུང་དང་འབྲེལ་བའི་ཟློས་གར་སྦྱོར་བརྡར་ཆེད་བཏང་གནང་བ་ནི་སོ་སོའི་རིག་གཞུང་ལ་རྒྱ་ཞེན་ཡོད་པ་དང་། རིག་གཞུང་ཕྱུག་པོ་དེ་དག་ཕྲུ་གུ་རྣམས་ལ་རྩིས་སྤྲོད་བྱ་རྒྱུ་གལ་ཆེན་པོར་དགོངས་ཀྱི་ཡོད་པ་མཚོན་ཐུབ་ཀྱི་ཡོད་པ། དེ་བཞིན་ཕྲུ་གུ་རྣམས་ནས་ཀྱང་ཟླ་གཅིག་གི་གུང་གསེང་དེ་སོ་སོའི་མི་རིགས་ཀྱི་རིག་གཞུང་ལ་སྦྱང་འདོད་ཀྱི་འདུན་པ་སྟོན་པར་ཡི་རང་བསྔགས་བརྗོད་གནང་ཡོད།

བོད་མི་རིགས་ཀྱི་བླ་སྲོག་ཆོས་དང་རིག་གཞུང་། དེ་བཞིན་སྐད་དང་ཡི་གེ་རྣམས་ནི་བོད་མི་རྣམས་མི་ཡུལ་དུ་གྱར་དགོས་བྱུང་ཡང་མི་རབས་ནས་མི་རབས་སྲུང་སྐྱོབ་ཀྱིས་རྩིས་སྤྲོད་ཐུབ་པ་བྱུང་ཡོད། དེར་བརྟེན་ད་ལན་གོ་སྐབས་འདི་འདྲ་ཐོབ་པ་དེ་བསྐལ་པ་བཟང་པོ་ཡིན་པ་ངོ་སྤྲོད་གནང་ཡོད།

བོད་ནང་དུ་རྒྱ་ནག་དམར་པོ་གཞུང་གིས་གཏན་སྡོད་སློབ་གྲྭ་སོགས་མི་རིགས་ཤུལ་ལྷག་ཙམ་ཡང་མེད་པར་རྩ་མེད་གཏོང་རྒྱུའི་སྲིད་ཇུས་འདྲ་མིན་ལག་བསྟར་བྱེད་བཞིན་པས་གཞིས་ལུས་བོད་མི་རྣམས་ལ་སོ་སོའི་ལུང་པའི་ནང་དུ་སོ་སོའི་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་རང་དབང་མེད་པའི་དཀའ་ངལ་ཆེན་པོ་ཡོད་པར་བརྟེན། སློབ་ཕྲུག་རྣམས་ནས་ཟླ་གཅིག་རིང་བོད་ཀྱི་ཟློས་གར་ཚོགས་པ་ལྟ་བུ་བོད་ཀྱི་རིག་གཞུང་བསྟི་གནས་གལ་ཆེན་པོ་འདིའི་ནང་སྒྱུ་རྩལ་སྦྱོང་བརྡར་ཙམ་གྱི་མི་ཆོག་པར་བོད་ཀྱི་སྐད་ཡིག་དང་ཕ་མེས་ནས་བྱུང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་ཁག་ལ་ཐོག་ལ་ཐུགས་སྣང་ཟབ་ནན་གནང་དགོས་སྐོར་གསུངས།

དེ་བཞིན་ཕ་མ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གིས་གཙོས་སྐད་དང་ཡི་གེ་སོགས་བོད་མི་རིགས་ཀྱི་ཞག་ཚི་རྣམས་སོ་སོ་ཕྲུ་གུར་འཇོག་ཐབས་ལ་དམིགས་ཏེ་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ལ་བཏང་ཡོད་དུས། སློབ་ཕྲུག་ཚོས་དེ་བཞིན་དུ་ཕ་མའི་རེ་འདུན་རྣམས་བསྐོང་ཐུབ་པ་དང་། ཟླ་གཅིག་རིང་སོ་སོའི་རིག་གཞུང་ཐོག་ལ་གོ་རྟོགས་དང་བོད་སྐད་ཡག་པོ་རྒྱག་ཐུབ་པ་ཞིག་ཏུ་བཟོ་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་ཡོད།

གཞི་རྩའི་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་འོག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་རིགས་ན་གཞོན་ཚོའི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་ཟླ་གཅིག་རིང་གི་དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་འཛིན་གྲྭ་འགོ་འཛུགས་གནང་རྒྱུ་ཡིན་འདུག་པ་དང་། ད་ཐེངས་སྒྱུ་རྩལ་སྦྱོང་བརྡར་ཐེངས་བཞི་པ་ཆགས་ཀྱི་ཡོད་འདུག་པ་བཅས།། །།

 

 

keyboard_arrow_up