ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་སིམ་ལར་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣༠ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་སིམ་ལར་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་འཚམས་མཇལ་ཞུས་ཏེ་ཁྱབ་ཁོངས་དགོན་སྡེ་ཁག་དང་། ས་གནས་འགོ་འཛིན་ལས་ཁུངས། ཁྱབ་ཁོངས་སྡེ་ཚན་ཁག །དེ་བཞིན་བཟོ་གྲྭའི་ཚོགས་ཁང་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད།

དེ་ཡང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་སིམ་ལར་འབྱོར་སྐབས་སིམ་ལ་སྤྱི་ཁྱབ་ཀྱིས་དབུས་པའི་རྙིང་དགོན་ཐུབ་བསྟན་རྡོ་རྗེ་བྲག་དགོན་པའི་སྐུ་ཚབ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་ལག་ཤེས་བཟོ་གྲྭའི་བཟོ་འགོ །རང་བདེན་ཚོགས་ཆུང་ལ་སོགས་པའི་སྡེ་ཚན་ཁག་གི་སྐུ་ཚབ་རྣམས་ནས་ཕེབས་བསུ་ཞུས།

དེ་རྗེས་རྡོ་རྗེ་བྲག་དགོན་པར་མཆོད་མཇལ་ཞུས་ཏེ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་འཚམས་མཇལ་ཞུས་པ་དང་། དེ་ནས་སིམ་སྤྱི་ལས་ཁུངས་དང་། ལག་ཤེས་བཟོ་གྲྭ། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་། རང་བདེན་ཚོགས་ཆུང་གི་ལས་ཁུངས། སིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭའི་ཡན་ལག་ཀུ་སུམ་ཀྲི་སྔོན་འགྲོ་སློབ་གྲྭ། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། དེ་བཞིན་བགྲེས་སོང་ཉམ་ཐག་རྣམ་པའི་ཁྱིམ་དུ་ཐུག་འཕྲད་དང་། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་ལག་ཤེས་བཟོ་གྲྭའི་ཚོགས་ཁང་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན།

ས་གནས་སུ་ཕེབས་དགོས་དོན་འགྲེལ་བརྗོད་གནང་ཁོངས་དབུ་འཁྲིད་བླ་ཆེན་རྣམ་པར་འཚམས་ཞུ་དང་ཁྱབ་ཁོངས་དགོན་སྡེ་ཁག་མཆོད་མཇལ། སྡེ་ཚན་ཁག་ལ་རྟོགས་ཞིབ། མི་མང་ཐུག་འཕྲད་བཅས་ཀྱི་ཆེད་དུ་ཕེབས་པ་དང་། སྐབས་ ༡༧ པའི་བཀའ་ཤག་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ༸གོང་ས་མཆོག་ཐུགས་བསུན་བཟོ་མི་དགོས་པ། གཞིས་ལུས་མི་མང་བློ་ཕམ་མི་དགོས་པ་ཞུ་རྒྱུ། བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་སྒྲིག་གཙོ་བཟུང་ཐོག་གནང་རྒྱུ། ༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་ཞུ་སྒོ་རྒྱ་གར་གཞུང་དང་ཟུང་འབྲེལ་ཐོག་སྔར་ལྷག་དམ་དོན་ཞུ་རྒྱུ། ༸རྒྱལ་བའི་ཡང་སྲིད་གནད་དོན་ཐོག་ཨ་རི་དང་རྒྱལ་ཁབ་གྲངས་ ༣༨ ནས་རྒྱབ་སྐྱོར་ཐོབ་པ་བཞིན་མུ་མཐུད་རྒྱབ་སྐྱོར་ཐོབ་ཐབས་ཞུ་རྒྱུ། འཛིན་སྐྱོང་ངོས་ནས་ཀ་བ་གཞན་གཉིས་དང་། རང་དབང་ལྡན་པའི་སྡེ་ཚན་ཁག་ལ་འགན་དབང་ཆ་བགོས་ལྟར་ཆེ་མཐོང་ལྡན་པའི་སྒོ་ནས་འབྲེལ་བ་ཞུ་རྒྱུ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལ་ཆེ་མཐོང་དང་ལས་དོན་ལ་དོ་ཕོག་མི་འགྲོ་ཆེད་ཐེ་བྱུས་མི་བྱ་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ནི་གྲོས་ཚོགས་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཚན་རྟགས་འགོད་པར་ཤར་བསྐྱོད་བྱ་རྒྱུ། བོད་ཀྱི་གཞོན་སྐྱེས་རྣམས་ལ་ཟུར་དུ་ཐུག་འཕྲད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དང་སྐད་ཡིག་རྣམས་མི་རབས་གསར་པས་རྒྱུན་འཛིན་གནང་དགོས་པ་དང་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་ཕྱོགས་ལམ་སྟོན་གནང་རྒྱུ་སོགས་ངོ་སྤྲོད་གནང་བ་དང་། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་བོད་ཀྱི་གྲངས་འཛིན་དཔེ་མཛོད་གཉིས་ཀྱི་ངོ་སྤྲོད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡིག །ཡ་རབས་བཟང་སྤྱོད་རྒྱུན་འཛིན་གནང་གལ་བཅས་ཀྱི་གསུང་བཤད་གནང་རྗེས། མི་མང་ནས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས་སིམ་ལའི་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཉིན་དང་པོ་ལེགས་པར་གྲུབ་པ་བཅས།།

keyboard_arrow_up