ཚན་རིག་ཟབ་སྦྱོང་གི་གསལ་བསྒྲགས།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་ཐོག་དེང་དུས་ཚན་རིག་འཛིིན་གྲྭ་མེད་པའི་ཆོས་སྡེ་ཁག་གི་གྲྭ་བཙུན་སློབ་གཉེར་བ་རྣམས་ལ་དམིགས་ཏེ་དེང་དུས་ཚན་རིག་གི་ཟབ་སྦྱོང་གོ་སྒྲིག་ཞུ་མུས་ལྟར། ཟབ་སྦྱོང་ཐེངས་བཅུ་གཅིག་པ་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢ ནས་ ༡༤ བར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བསྐོང་ཚོགས་གནང་གཏན་འཁེལ་བ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༥ འགྱངས་མེད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་འདི་གར་འབྱོར་ཟིན་པ་དགོས། ས་མིག་ ༣༠ ཡོད་པས་སྙན་ཞུ་འབྱོར་སྔ་རྟིང་བཞིན་འདེམས་སྒྲུག་ཞུ་རྒྱུ་ཡིན།
ཀ༽ མཉམ་ཞུགས་པའི་ཆ་རྐྱེན།
༡། དོ་བདག་རང་ཉིད་ཆོས་རིག་ཁྱབ་ཁོངས་ཆོས་སྡེ་ཞིག་གིི་སྒྲིག་ཞུགས་སློབ་གཉེར་བ་ཡིན་པའི་ངོས་སྦྱོར་ངོ་མ།
༢། སྒྲིག་འཛུགས་དེར་ཆོས་རིག་ལས་ཁུངས་ནས་ཚན་རིག་དགེ་རྒན་གྱི་གསོལ་ཕོགས་སྤྲོད་འབུལ་གནང་གི་མེད་པ་ཞིག་ཡིན་དགོས།
ཁ༽ སློབ་ཚན།
དེང་དུས་དངོས་ཁམས་ཚན་རིག་དང་། སྐྱེ་དངོས་ཚན་རིག ཀླད་པའི་སྐོར། ཨང་རྩིས།
ག༽ ཟབ་སྦྱོང་དུ་འབྱོར་ཚེས།
བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ནང་ཚུན་འབྱོར་ཟིན་པ་དགོས།
ང༽ བཞུགས་གནས་དང་ཞལ་ལག་གི་མཐུན་རྐྱེན།
༡། ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང།
༢། བཞུགས་གནས་དང་ཞལ་ལག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུ་རྒྱུ།
ཅ༽ ལམ་གྲོན་གྱི་མཐུན་རྐྱེན།
༡། མེ་འཁོར་གྲང་གློག་རིམ་པ་གསུམ་པ་ཅན་(3AC) དང་། སྤྱི་སྤྱོད་རླངས་འཁོར་དྲག་གྲས། (Deluxe Bus) རྒྱལ་ས་ནང་ཁུལ་འགྲུལ་འཁོར་འཁོར་ལོ་གསུམ་ཅན་ (Auto) བཅས་ཀྱི་ངོ་སོང་གླ་འབབ་གང་ཡིན་དང་ལམ་བར་ལྟོ་དོད་ཉིན་རེར་ཧིན་སྒོར་ ༧༠༠ དང་། ལྡི་ལིར་ཞག་སྡོད་གནང་དགོས་བྱུང་ཚེ་ཉིན་གཅིག་གི་ཁང་གླ་ཧིན་སྒོར་ ༨༠༠ བཅས་འབུལ་རྒྱུ།
༢། གནམ་ཐོག་ཕེབས་མཁན་རྣམས་ལའང་གོང་གསལ་མེ་འཁོར་དང་འགྲུལ་འཁོར་གྱི་ཚད་གཞིའི་གླ་འབབ་དང་ལམ་བར་ལྟོ་དོད་ཀྱི་ཉིན་གྲངས་བཅས་མེ་འཁོར་ཐོག་ཕེབས་པ་ལྟར་རྩིས་རྒྱག་ཞུ་རྒྱུ།
༣། ཕྱོགས་གཉིས་ཀའི་ལམ་གྲོན་གྱི་འཛིན་བྱང་ (Ticket) ངོ་མ་ཁག་ལེགས་པར་ཉར་ཚགས་ཀྱིས་ཆོས་རིག་ལས་ཁུངས་སུ་རྩིས་འབུལ་གྱིས་ལམ་གྲོན་ཞུ་སྤྲོད་ཆོག་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༥ ལ།། །།




