ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཁ་སང་ས་ག་ཟླ་བའི་ཚེས་ ༡༥ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་བོད་ཀྱི་མཐུན་མོང་མ་ཡིན་པའི་རྐང་བྲོ་གླུ་གཞས་འགྲན་བསྡུར་དུ་སྐུ་མགྲོན་གཙོ་བོར་ངོ་བཅར་གནང་ཡོད།
སློབ་སྤྱི་མཆོག་ནས་ཐེངས་དེའི་རྐང་བྲོ་གླུ་གཞས་འགྲན་བསྡུར་དང་འབྲེལ་བའི་སྐོར་ངོ་སྤྲད་འདོར་བསྡུས་གནང་གྲུབ་རྗེས་ཁང་ཚན་སོ་སོའི་སློབ་ཕྲུག་རྣམས་ནས་ཁྲབ་གཞས་དང་། མཉམ་གཞས། རྐྱང་གཞས་བཅས་གཟིགས་འབུལ་ཞུས་ཡོད།
སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་ཕྱི་ལོ་ ༢༠༡༨ ལོའི་ཁང་ཚན་ནང་ཁུལ་གཞནས་སྣ་འགྲན་བསྡུར་གྱི་ཨང་རྩེ་ཐོབ་པའི་ཁང་ཚན་ལ་བྱ་དགའ་གསོལ་རས་གནང་བ་དང་སྦྲགས་དགེ་སློབ་ཡོངས་ལ་བླང་འདོར་བཀའ་སློབ་སྩལ།
བཀའ་བློན་མཆོག་ནས། ང་ཚོའི་འཐུས་མོང་མ་ཡིན་པའི་རིག་གཞུང་དེ་མི་ཐོག་གོང་མ་ཚོས་སྐུ་ལས་མང་པོ་རྒྱབ་ནས་མི་ཉམས་བརྒྱུད་འཛྀན་གནང་ཡོད་རེད། ད་ལྟ་ང་རང་ཚོར་སྐབས་སུ་བབས་པའི་ལས་འགན་གཙོ་བོ་དེ་བོད་ཀྱི་རིག་གཞུང་དེ་དག་མུ་འཐུད་མི་ཉམས་བརྒྱུད་འཛིན་གནང་དགོས་རྒྱུ་དེ་ཤེན་ཏུ་གལ་གནད་ཆེན་པོ་ཡིན་པའི་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སོ་སོར་འཁྲི་པའི་ལས་འགན་རྣམས་ཕྱི་ཚུལ་གྱི་རྣམ་པ་ཙམ་སྟོན་པ་མ་ཡིན་པར་ཡིད་སེམས་བརྟན་པོས་གྲུབ་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་དང་། ལྟག་པར་དུ་སློབ་ཕྲུག་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དང་། ཀུན་སྤྱོད་བཟང་པོ་བྱེད་རྒྱུ། ཕྱིན་ཆད་རང་ཉིད་ཤེས་བྱ་ཡོན་ཏན་གྱི་གནས་ལ་མཐར་སོན་པ་ཞིག་ཆགས་སྐབས་དུས་རྟགས་ཏུ་སྤྱི་སེམས་གརྟནན་པོ་བཅང་དགོས་པ་སོགས་ཀྱི་སྐོར་བཀའ་སློབ་སྩལ།