ཆོས་རིག་དྲུང་ཆེ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་སྐབས་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༨ ཉིན་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དྷ་སྟེང་བོད་ཁྱིམ་སློབ་གྲྭས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུར་དམིགས་ཏེ་ཁང་ཚན་ནང་ཁུལ་གཞས་སྣ་འགྲན་བསྡུར་སྐབས་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༦།༣༠ ཐོག་མཛད་རིམ་དབུ་བཙུགས་ཀྱིས་ཐོག་མར་གཞས་སྣ་འགྲན་བསྡུར་གྱི་གཟུ་དཔང་ངོ་སྤྲོད་གནང་། གཟུ་དཔང་དུ་གཞས་མ་བཀྲས་མཐོང་སྐལ་བཟང་ཆོས་སྐྱིད་ལགས་དང་། བོད་ཁྱིམ་སྤྱི་ཁྱབ་འཛིན་སྐྱོང་དྲུང་ཆེ་བྲག་སྣེ་མིང་ཆུང་ལགས་གདན་ཞུས་གནང་འདུག
དེ་རྗེས་འཁྲབ་སྟོན་གཟིགས་འབུལ་དབུ་འཛུགས་གནང་བ་བཞིན་ཁང་ཚན་རེ་རེ་ནས་སློབ་མ་རྒན་པས་འཁྲབ་གཞས་གཅིག་དང་སློབ་མ་ཆུང་བས་འཁྲབ་གཞས་གཅིག། དེ་བཞིན་ཟུང་གཞས་གཅིག་བཅས་གཞས་སྣ་གསུམ་རེ་འཁྲབ་སྟོན་གནང་། ཐེངས་འདིའི་གཞས་སྣ་འཁྲབ་སྟོན་སྐབས་སློབ་མ་གྲངས་ ༢༠༠ ལྷག་ཙམ་ནས་མཉམ་ཞུགས་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེས་གསུང་བཤད་གནང་བ་དང་སློབ་གྲྭའི་རྩེད་རིགས་ཚོགས་ཆུང་གི་ཚོགས་གཙོ་དགེ་ཆེ་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
དེ་བཞིན་སྐུ་མགྲོན་གཙོ་བོས་གཟུ་དཔང་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན་པ་དང་། ཁང་ཚན་སོ་སོར་གཞས་སྣ་སློབ་སྟོན་གནང་མཁན་རྒན་ལགས་རྣམ་པར་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་ཕྱག་འཁྱེར་གནང་། ཁང་ཚན་རྒན་ལགས་རྣམ་པར་ཐུགས་རྗེ་ཆེ་ཞུའི་མཇལ་དར་གནང་རྗེས་གཞས་སྣ་འཁྲབ་སྟོན་སྐབས་བརྙན་པར་ལེན་མཁན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱི་ལས་བྱེད་རྣམ་པར་མཇལ་དར་གནང་།
དེ་ནས་ཁང་ཚན་སོ་སོའི་ཨང་རིམ་གསལ་བསྒྲགས་གནང་ཅིང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་གཞས་སྣ་འཁྲབ་སྟོན་གྲོལ་བ་བཅས།། །།





