ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་གནས་ཆུང་གྲྭ་ཚང་དུ་སྒྲུབ་པ་ཆེན་མོར་ཕེབས་ཞུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༥ ཉིན་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དབང་དྲག་རོལ་པའི་དགའ་ཚལ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ་ཡི་དམ་རྟ་མགྲིན་ཡང་གསང་དང་། རྒྱལ་པོ་སྐུ་ལྔའི་སྲོག་ཁང་སྒྲུབ་པ་ཆེན་མོར་ཕེབས་ཞུགས་གནང་ཡོད།
དེ་ཡང་གནས་ཆུང་གྲྭ་ཚང་དུ་བོད་ཀྱི་མཐོང་བརྒྱུད་ཕྱག་ལེན་བཟང་པོ་ཡོད་པ་བཞིན་ལོ་བསྟར་ཆགས་སུ་བོད་ཟླ་ ༣ ཚེས་ ༢༢ ནས་བོད་ཟླ་ ༤ ཚེས་ ༡༠ བར་ཉིན་གྲངས་ ༡༥ རིང་ཐུན་མོང་མ་ཡིན་པའི་རྟ་མགྲིན་ཡང་གསང་དང་། རྒྱལ་པོ་སྐུ་ལྔའི་སྲོག་ཁང་སྒྲུབ་པ་ཆེན་མོ་ཚུགས་བཞིན་འདུག
ཐོག་མར་མཆོད་གཏོར་རྣམས་ལ་ཁྲུས་གསོལ་དང་རབ་གནས། ཆོ་གའི་རིམ་པ་བཞིན་ཡི་དམ་སོགས་ཀྱི་བསྙེན་བཟླས་དང་། དེ་ནས་འབོད་རྦད་བསད་གསུམ་ཟོར་འཕེན་བཅས་ཟིན་པ་དང་། ཡི་དམ་གཏང་རག་དང་གསུང་ཆོག་བླ་མ་གསང་བ་འདུས་པའི་སྐོང་བཤགས། ཆོས་སྲུང་གི་གཏང་རག སྦྱིན་སྲེག་ཞི་དབང་རྒྱས་གསུམ། རྒྱལ་པོ་སྐུ་ལྔའི་རྒྱལ་མདོས་ཆེན་མོ་འབུལ་མདོས་རྒྱན་ཚོགས། བོད་ཚེས་ ༨ ཉིན་སྐུ་ལྔའི་རྒྱལ་མདོས་ཆེན་མོ་འབུལ་མདོས་དང་མདོས་རྒྱན་ཚོགས། བོད་ཆེས་ ༨ ཉིན་སྐུ་ལྔའི་ཚེ་ཆོག བོད་ཚེས་ ༡༠ ཉིན་གྲྭ་ཚང་གི་གཟབ་གསོལ་བཅས་སོ།
སྒྲུབ་པ་ཆེན་མོའི་དམིགས་ཡུལ་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་སྐྱེ་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་ཅིང་། འཛམ་གླིང་ཁྱོན་ལ་འཁྲུག་རྩོད་ནད་མུག་དང་འབྱུང་བའི་གནོད་འཚེ་སོགས་ཀྱི་རྐྱེན་ངན་བར་ཆད་ཞི་ཞིང་བྱམས་བརྩེའི་ཁོར་ཡུག་དང་ལྡན་པ་ཡོང་བར་དམིགས་ཏེ་ཚུགས་བཞིན་ཡོད་པ་བཅས།།









