ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་སྔ་འགྱུར་རྙིང་མའི་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་དགོན་དུ་མཁན་ཐོག་དང་པོའི་ཁྲི་འདོན་མཛད་སྒོར་ཕེབས་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚཻས་ ༡༧ ཉིན་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་སྔ་འགྱུར་རྙིང་མའི་གདན་ས་འཕགས་ཡུལ་སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་དགོན་གྱི་བཤད་གྲྭ་སྔ་འགྱུར་མཐོ་སློབ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཕན་བདེ་གླིང་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་ལྔའི་མཁན་ཐོག་དང་པོའི་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཕེབས་ཞུགས་གནང་ཡོད།

དེ་ཡང་ཐོག་མ་སྔ་དྲོ་ཕྱག་ཚོད་ ༥ ཐོག་མཁན་པོའི་མཚན་གནས་བཞེས་མཁན་རྣམས་ནས་༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་འདུ་ཁང་ནང་གདན་ཞུས་ཀྱིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཚེ་སྒྲུབ་ལྕགས་སྡོང་མ་གསུང་འདོན་གནང་།

དེ་ནས་ཕྱག་ཚོད་ ༩ ཐོག་སྐུ་མགྲོན་རྣམས་ཚོགས་ཁང་ནང་ཕེབས་གྲུབ་མཚམས། ༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ཚོགས་ཁང་ནང་སྤོས་སྣེས་བསྔུན་བསུས་ཏེ་གདན་ཞུས་གནང་།

མཁན་ཐོག་དང་པོ་ལྔ་རྣམས་ལ་དགེ་སྐོས་ནས་སྤོས་སྣེ་དང་བཅས་མཛད་སྒོར་གདན་ཞུས་ཀྱིས་ཁྲུས་གསོལ་དང་བགེགས་བསྐྲད་གནང་། དེ་ནས་༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ནས་མཁན་ཐོག་དང་པོ་རྣམས་ལ་ཕྱག་འཁྱེར་དང་མཁན་པོའི་དབུ་ཞྭ་བསྩལ་གནང་མཛད་རྗེས་རིན་པོ་ཆེ་མཆོག་ནས་གསུང་ཆོག་དབུ་བཙུགས་ཀྱིས་ཚེ་དབང་བསྩལ་གནང་མཛད་ཡོད།

རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་རྗེས་ཚོགས་གཙོ་ཡར་འཕེལ་ལགས་ནས་རྟེན་འབྲེལ་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་ནས་རིམ་བཞིན་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་དང་། ༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ནས་བཀའ་སློབ་གནང་།

དེ་རྗེས་རིན་པོ་ཆེ་མཆོག་ནས་སྒྲུབ་སྡེ་ཐེག་མཆོག་འོད་གསལ་གླིང་དང་། སྒྲུབ་སྡེ་ངེས་དོན་པདྨ་གླིང་ནས་བྱང་གཏེར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལོ་གསུམ་ཟླ་གསུམ་གྱི་བསྙེན་སྒྲུབ་ཚད་ལྡན་སོང་བ་རྣམས་ལ་བསྙེན་ཐོ་ཕྱག་ཁྱེར་བཀའ་དྲིན་དང་། དེ་བཞིན་དགོན་པར་ལོ་མང་ཞབས་ཏོག་སྒྲུབ་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དུ་ཕྱག་འཁྱེར་བསྩལ་གནང་མཛད།

བཀྲ་ཤིས་རྫས་བརྒྱད་ཀྱི་ཆོ་ག་གསུང་འདོན་བཞིན་སྐུ་མགྲོན་དང་འདུ་ཚོགས་མི་མང་ནས་རིམ་བཞིན་མཁན་ཐོག་དང་པོ་རྣམས་ལ་མཇལ་དར་བསྒྲོན་ཏེ། མཐར་བཀྲ་ཤིས་སྨོན་ལམ་གསུང་རྗེས་མཛད་སྒོ་གྲོལ།

ཆོས་རིག་དྲུང་ཆེ་མཆོག་ཚེས་ ༡༦ ཉིན་སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག་དགོན་པར་འབྱོར་རྗེས་༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ལ་མཚམས་མཇལ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ཕྱག་དེབ་ཕུལ། དེ་བཞིན་ཚེས་ ༡༧ ཉིན་མཛད་སྒོ་གྲོལ་རྗེས་ཉིན་རྒྱབ་༸སྐྱབས་རྗེ་སྟག་ལུང་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་འཇིགས་བྲལ་པདྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཆོག་ལ་མཚམས་མཇལ་ཞུས་ཏེ་ལྷ་དར་དཀར་པོ་དང་བཅས་མཎྜལ་རྟེན་དོད་དང་༸སྐུ་མདུན་གྱི་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ཀྱི་ཕྱག་དེབ་ཕུལ་ཡོད་པ་བཅས།།

 

keyboard_arrow_up