ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༦ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་ཀྱིས་ས་གནས་མི་མང་གི་ཚོགས་ཁང་ནང་དུ་གསུང་བཤད་གནང་ཡོད།

དེ་ཡང་ཐོག་མར་དཔལ་ལྡན་བཀྲ་ཤིས་འཁྱིལ་དགོན་པར་འཚམས་གཟིགས་གནང་སྐབས་ས་གནས་ཀྱི་དྲུང་ཆེ་དང་འཐུས་མིའི་ཚོགས་གཙོ་དང་། ཚོགས་གཞོན་བཅས་ནས་ཕེབས་བསུ་ཞུས་ཡོད། དེ་ནས་དགོན་པའི་འདུ་ཁང་དང་སློབ་གྲྭའི་འཛིན་ཁང་རེ་རེར་རྟོག་ཞིབ་ཀྱིས་བཀའ་བསྡུར་ལྷུག་པོ་གནང་།

དེ་རྗེས་དཔལ་བདེ་ཆེན་ཆོས་འཁོར་གླིང་དགོན་པར་འཚམས་གཟིགས་དང་། ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་དང་བཤད་གྲྭ། དེ་བཞིན་དཔེ་མཛོད། ༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གཟིམ་ཤག་ཏུ་སྐུ་གདུང་མཆོད་རྟེན་བཅས་ལ་མཆོད་མཇལ་ཞུས། དོན་འགྲུབ་གླིང་ཁྱབ་ཁོངས་དགོན་སྡེ་ཁག་ལ་འཚམས་གཟིགས་སུ་ཕེབས་སྐབས་ཆོས་རིག་བཀའ་བློན་མཆོག་ནས་སྐབས་ ༡༧ པའི་བཀའ་ཤག་གི་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་ཏེ་དབུ་ཁྲིད་བླ་ཆེན་ཁག་ལ་འཚམས་མཇལ་ཞུས་པ་དང་སྦྲགས་ས་གནས་ཁྱབ་ཁོངས་དགོན་སྡེ་ཁག་དང་སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་གནང་རྒྱུ་བཅས་ལ་དམིགས་ཏེ་འཚམས་གཟིགས་སུ་ཕེབས་དོན་དང་། བར་ལམ་རྒྱ་གར་གཞུང་གིས་ཕྱི་དངུལ་ལེན་བེད་ཆོག་པའི་སྒྲིག་གཞིར་བསྐྱར་བཅོས་འགའ་གནང་བ་བཞིན་དེ་དག་ལ་ཐུགས་སྣང་དང་། གྲྭ་ཚང་དུ་ཕྲུ་གུ་གསར་དུ་འཇུག་བཞེས་སྐབས་ཕ་མའི་མོས་མཐུན་ངོས་སྦྱོར་ངེས་པར་མཉམ་འཁྱེར་གྱིས་སྐུ་ངལ་མི་འཕྲད་པ་གནང་གལ། ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་། བོད་ཀྱི་གྲངས་འཛིན་དཔེ་མཛོད་སྐོར་ངོ་སྤྲོད་གནང།

དེ་རྗེས་ས་གནས་ཀྱི་ལས་ཁུངས་དང་ས་གནས་སྨན་ཁང་བཅས་སུ་ཕེབས་ཏེ་ལས་བྱེད་ཐུག་འཕྲད་གནང་། དེ་ནས་ས་གནས་མི་མང་ཚོགས་ཁང་ནང་ཕེབས་ཏེ་མི་མང་རྣམས་ལ་བཀའ་ཤག་སྐབས་ ༡༧ པའི་སྤྱི་ཡོངས་ཀྱི་ལས་དོན་གནང་ཕྱོགས་དང་ལངས་ཕྱོགས་སྙིང་བསྡུས། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞི་ངོ་སྤྲོད་གནང་། དེ་ཡང་བཀའ་ཤག་སྐབས་ ༡༧ པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ༸གོང་ས་མཆོག་ཐུགས་བསུན་བཟོ་མི་དགོས་པ་དང་། གཞིས་ལུས་མི་མང་བློ་ཕམ་མི་ཡོང་བ་གནང་རྒྱུ། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ། དེ་བཞིན་ད་ལྟའི་བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་སྒྲིག་གཙོ་བོར་བཟུང་ནས་ཆོས་བརྒྱུད་དང་ཆོལ་ཁ་དབྱེ་མེད། ༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་ཞུ་སྒོ་རྒྱ་གར་གཞུང་དང་ཟུང་འབྲེལ་ཐོག་སྔར་ལྷག་དམ་དོན་ཞུ་རྒྱུ།

༸རྒྱལ་བའི་ཡང་སྲིད་གནད་དོན་ཐོག་ཨ་རིས་གཙོས་རྒྱལ་ཁབ་གྲངས་ ༣༨ ནས་རྒྱབ་སྐྱོར་ཐོབ་ཡོད་པ་བཞིན་མུ་མཐུད་རྒྱབ་སྐྱོར་འཐོབ་ཐབས་ཞུ་རྒྱུ། འཛིན་སྐྱོང་ངོས་ནས་ཀ་བ་གཞན་གཉིས་དང་། རང་དབང་ལྡན་པའི་སྡེ་ཚན་ཁག་ལ་འགན་དབང་ཆ་བགོས་ལྟར་ཆེ་མཐོང་ལྡན་པའི་སྒོ་ནས་འབྲེལ་བ་ཞུ་རྒྱུ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལ་ཆེ་མཐོང་དང་ལས་དོན་ལ་དོ་ཕོག་མི་འགྲོ་ཆེད་ཐེ་བྱུས་མི་བྱ་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛིགས་གློག་འཕྲུལ་ཡིག་ཚགས་དང་གྲངས་འཛིན་དཔེ་མཛོད་སོགས་དེང་དུས་དང་མཐུན་པའི་འཕྲུལ་ཆས་ཀྱི་དུས་ཚོད་དང་མཉམ་དུ་འགྲོ་ཐུབ་པའི་གོམ་པ་མདུན་སྤོས་བཅས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པ། ཆོས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་གྲངས་འཛིན་དཔེ་མཛོད་བཅས་ཀྱི་ངོ་སྤྲོད།

བོད་ནང་སོ་སོའི་སྐད་ཡིག་བེད་སྤྱོད་མི་ཆོག་པའི་ཁྲིམས་ཉེ་ཆར་གཏན་འབེབས་ཀྱིས་ལག་བསྟར་བྱེད་མུས་ཀྱང་། ང་ཚོ་རང་དབང་གི་ལུང་པར་ཡོད་པའི་བོད་མི་ཚོས་སོ་སོའི་སྐད་ཡིག་མི་མཉམ་རྒྱུན་འཛིན་གནང་གལ་ཤིན་ཏུ་ཆེ་བ་དང་། དེ་ཡང་སོ་སོའི་ཕྲུ་གུ་ཚོར་བོད་སྐད་གཙང་མ་དང་བོད་ཡིག་སྦྱང་བརྩོན་དགོས་པ་ཕ་མས་རྒྱུན་དུ་སློབ་གསོ་གནང་གལ། མདོར་ན་བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་ཆགས་རྒྱུར་འབད་གལ་བཅས་ཀྱི་གསུང་བཤད་གནང་རྗེས། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

དེ་རྗེས་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་བརྒྱ་ཤོག་དང་པོའི་ཉམ་ཐག་ཞིག་གི་སྡོད་གནས་སུ་ཕེབས་ཏེ་ཐུག་འཕྲད་གནང་སྟེ་མ་ཎི་དང་ཁ་འདོན་དགེ་སྦྱོར་ཡག་པོ་གནང་དགོས་པ་གསུངས། དེ་ནས་བདེ་སྐྱིད་གླིང་གི་འགྲོ་དོན་གླིང་ལྷ་ཁང་ལ་འཚམས་གཟིགས་ཕེབས་ཏེ་ཉིན་གསུམ་པའི་འཚམས་གཟིགས་ལེགས་གྲུབ་བྱུང་བ་བཅས།།

keyboard_arrow_up