ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་བདེ་སྐྱིད་གླིང་ནོར་གླིང་ཐང་དུ་ལྷོ་བྲག་སྲས་མཁར་མི་ལའི་དཀར་ཐོག་དུས་ཆེན་སླར་གསོ་བྱུང་སྟེ་མི་ལོ་ ༣༩ འཁོར་བའི་དུས་དྲན་མཛད་སྒོར་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་མགྲོན་འབོད་གནང་བ་ལྟར་ཆུ་ཚོད་ ༡༡ བར་ཕེབས་ཞུགས་གནང་རྗེས། ཌོ་ལན་ཇི་བོན་གཞིས་སུ་ཕྱོགས་ཐོན་གནང་སྟེ་ཕྱི་དྲོ་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་། དེ་བཞིན་ས་གནས་སྡེ་ཚན་ཁག་གི་སྐུ་ཚབ་རྣམས་ནས་ཕེབས་བསུ་ཞུས།
ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་ཤིང་། འཛིན་སྐྱོང་གི་ལས་དོན་རྣམས་ལམ་ལྷོངས་ཡོང་ཕྱིར་ཐུགས་སྨོན་སྐྱབས་འཇུག་སྨིན་བསྩལ་ཡོང་བའི་གསོལ་འདེབས་ཞུས་ཏེ། སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་གྱི་སྒྲུབ་ཆ་དང་། ཆོས་རིག་བཀའ་བློན་རང་ཉིད་ཀྱི་ད་བར་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་ལས་དོན་ཇི་སྒྲུབ་རྣམས་ངོ་སྤྲོད་སྙིང་བསྡུས་དང་། ཆོས་རིག་ལས་ཁུངས་ཀྱི་ད་ལྟ་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་བོད་ཀྱི་གྲངས་འཛིན་དཔེ་མཛོད་གཉིས་པོ་ངོ་སྤྲོད་ཞུས་པ་དང་།
༸སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་ནང་སྲི་ཞུའི་ལས་བྱེད་ཟུར་པ་བཞི་དང་། བོད་མི་མང་སྤྱི་འཐུས་ཟུར་པ་གཉིས་ཡོད་དུས་འཛིན་སྐྱོང་ལས་དོན་རྣམས་ཚགས་ཚུད་ངང་སྒྲུབ་ནུས་པ་དང་། ཆོས་རིག་བཀའ་བློན་མཆོག་གི་མི་ཚེ་ཧྲིལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་སྒྲུབ་གནང་བར་ཡི་རང་བསྔགས་བརྗོད་མཛད།
འཚམས་འདྲིའི་མཇལ་ཁ་རྗེས་དགོན་པའི་འདུ་ཁང་དང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན ༣༣ དཔོན་གསས་བླ་མ་མཆོག་གི་གཟིམ་ཆུང་འོད་འབར་རྗེས་དྲན་དད་ལྡན་ཁང་ལ་མཆོད་མཇལ་དང་། དགོན་པའི་སྡེ་ཚན་ཁག་ལ་འཚམས་གཟིགས་སུ་ཕེབས་རྗེས་གཡུང་དྲུང་བོན་གྱི་དཔེ་མཛོད་ཀྱི་ཚོགས་ཁང་ནང་བོན་གཞིས་མི་མང་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་ཏེ་དབུ་ཁྲིད་བླ་ཆེན་རྣམ་པར་འཚམས་འདྲིའི་མཇལ་ཁ་ཞུ་སྲོལ་ཡོད་པ་ལྟར། བོན་གཞིས་སྨན་རི་གླིང་དུ་ཆེད་བཅར་གྱིས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་པ་དང་བསྟུན། ས་གནས་ཀྱི་དགོན་པ་དང་བཙུན་དགོན། སྡེ་ཚན་ཁག་བཅས་ལ་འཚམས་གཟིགས་དང་། མི་མང་ཐུག་འཕྲད་གནང་ཆེད་ཕེབས་པའི་ངོ་སྤྲོད་གནང་བ་དང་། སྐབས་ ༡༧ པའི་བཀའ་ཤག་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ༸གོང་ས་མཆོག་ཐུགས་བསུན་བཟོ་མི་དགོས་པ་དང་། གཞིས་ལུས་མི་མང་བློ་ཕམ་མི་ཡོང་བ་བཟོ་རྒྱུ། བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་སྒྲིག་གཙོ་བཟུང་གིས་ཕྱག་ལས་གནང་རྒྱུ། ༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་ཞུ་སྒོ་རྒྱ་གར་གཞུང་དང་ཟུང་འབྲེལ་ཐོག་སྔར་ལྷག་དམ་དོན་ཞུ་རྒྱུ། ༸རྒྱལ་བའི་ཡང་སྲིད་གནད་དོན་ཐོག་ཨ་རི་དང་རྒྱལ་ཁབ་གྲངས་ ༣༨ ནས་རྒྱབ་སྐྱོར་ཐོབ་པ་བཞིན་མུ་མཐུད་རྒྱབ་སྐྱོར་ཐོབ་ཐབས་ཞུ་རྒྱུ།
འཛིན་སྐྱོང་ངོས་ནས་མང་གཙོ་ཀ་བ་གཞན་གཉིས་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་ལ་འགན་དབང་ཆ་བགོས་ལྟར་ཆེ་མཐོང་ལྡན་པའི་སྒོ་ནས་འབྲེལ་བ་ཞུ་རྒྱུ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལ་ཆེ་མཐོང་དང་ལས་དོན་ལ་དོ་ཕོག་མི་འགྲོ་ཆེད་ཐེ་བྱུས་མི་བྱ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ནི་གྲོས་ཚོགས་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་མཚན་འགོད་པར་ཤར་བསྐྱོད་བྱ་རྒྱུ། བོད་མིའི་སྒྲིག་འཛུགས་གློག་འཕྲུལ་ཡིག་ཚགས་དང་གྲངས་འཛིན་དཔེ་མཛོད་སོགས་དེང་དུས་དང་མཐུན་པའི་འཕྲུལ་ཆས་ཀྱི་དུས་ཚོད་དང་མཉམ་དུ་བསྐྱོད་ཐུབ་པའི་གོམ་པ་མདུན་སྤོས་བཅས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པ། ཆོས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་བོད་ཀྱི་གྲངས་འཛིན་དཔེ་མཛོད་གཉིས་ཀྱི་ངོ་སྤྲོད་གནང་རྗེས། མི་མང་ནས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་གཡུང་དྲུང་བོན་གྱི་དཔེ་མཛོད་ཀྱི་སྡེ་ཚན་ཁག་ལ་གཟིགས་སྐོར་དང་། ལྷག་པར་འགྲོ་བཞིན་པའི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞིར་རྟོག་ཞིབ་གནང་ཡོད།
ཉིན་གུང་གསོལ་ཚིགས་རྗེས་སུ་གསོ་རིག་འབུམ་བཞིའི་མཐོ་སློབ་དང་། ས་གནས་འཐུས་ཚོགས་ཚོགས་ཁང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་བཅས་སུ་འཚམས་གཟིགས་ཕེབས་རྗེས་བོན་གཞིས་ཌོ་ལན་ཇི་སཾ་བྷོ་ཊའི་ཉིན་སློབ་ཏུ་ཕེབས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད། དེ་ཡང་སློབ་ཕྲུག་ཚོར་དམིགས་ཏེ་གཤམ་གསལ་དོན་ཚན་ཁག་གི་ཐོག་གསུང་བཤད་གནང་དོན། སློབ་གྲྭར་སློབ་སྦྱོང་ཆེད་དུ་ཡོང་བ་ཡིན་བརྟེན་སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་པ་དང་། སློབ་སྦྱོང་མཐར་འཁྱོལ་བ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། སློབ་སྦྱོང་མཐར་འཁྱོལ་བ་བྱེད་པར་སློབ་སྦྱོང་གི་རྨང་གཞིར་ད་ལྟ་ནས་ཡག་པོ་སྦྱོང་དགོས་པ། ཁང་པའི་རྩིག་རྨང་ཡག་པོ་མེད་ན་ཁང་པ་བརྟན་པོ་མི་ཡོང་བའི་དཔེ་བཞིན། གཞི་རིམ་སློབ་གྲྭའི་སྐབས་སློབ་སྦྱོང་ཡག་པོ་མ་གནང་ན་མཐོ་སློབ་སླེབས་དུས་དཀའ་ངལ་འཕྲད་ངེས་ཡིན་པ། སློབ་གྲྭའི་སྒྲིག་གཞི་ཁག་བརྩི་སྲུང་བྱེད་དགོས་པ་དང་། དགེ་ལས་རྣམས་ལ་གུས་བརྩི་དང་དགེ་རྒན་གྱི་གང་གསུངས་པ་རྣམས་ཡིད་ལ་བཅངས་པའི་ཐོག་ནས་ཕྱག་བསྟར་གནང་དགོས།
དེ་བཞིན་སློབ་སྦྱོང་བྱེད་དུས་ལུས་སེམས་བདེ་ཐང་ངེས་པར་དགོས་ཤིང་། ལུས་སེམས་བདེ་ཐང་ལ་གཙང་སྦྲ་འཕྲོད་བསྟེན་གལ་ཆེན་པོ་ཆགས་ཡོད་པ་དང་། འཕྲོད་བསྟེན་ཡག་པོ་མེད་ན་སློབ་སྦྱོང་གི་གོ་སྐབས་མང་པོ་ཤོར་བ་དང་འཐུས་ཤོར་ཆེན་པོ་འགྲོ་ངེས་ཡིན་པ་བཅས་ཀྱི་སྐོར་ལ་གསུང་བཤད་གནང་།
དེ་ནས་དགེ་ལས་རྣམས་ལ་ད་ལྟ་བར་དུ་ཕྱག་ལས་ཧུར་ཐག་གནང་བ་བཞིན་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཞུས་ཤིང་། སློབ་ཁྲིད་གནང་སྐབས་སྐད་ཡིག་གང་བསྐྱོན་ནའང་སྲེ་ལྷད་མེད་པར་གཙང་མ་བསྐྱོན་ཐབས་གནང་དགོས་པ། དེ་བཞིན་སློབ་ཕྲུག་ཚོས་དགེ་རྒན་དང་ལས་བྱེད་ཀྱི་སྒོ་གསུམ་ཀུན་སྤྱོད་ལ་མིག་དཔེ་ཡར་བལྟས་གནང་གི་ཡོད་སྟབས་དགེ་རྒན་དང་ལས་བྱེད་ངོས་ནས་སྒོ་གསུམ་ཀུན་སྤྱོད་ལ་ཐུགས་སྣང་གནང་གལ་བཅས་གསུང་བཤད་གནང་ཡོད།
དེ་རྗེས་ས་གནས་ཀྱི་བགྲེས་སོང་ཉམ་ཐག་གཉིས་ལ་ཐུག་འཕྲད་ཀྱིས་སོ་སོའི་ཁྱིམ་ལ་གཟིགས་སྐོར་དུ་ཕེབས་ཏེ་མ་ཎི་དང་ཁ་འདོན་དགེ་སྦྱོར་གང་ཐུབ་གནང་དགོས་པའི་ལམ་སྟོན་གནང་རྗེས་བཙུན་དགོན་རཏྣ་སྨན་གླིང་དུ་འཚམས་གཟིགས་སུ་ཕེབས་ཤིང་དགོན་པའི་མཁན་པོ་དང་ལས་བྱེད་ལྷན་དུ་བཀའ་བསྡུར་ལྷུག་པོ་གནང་། སྐབས་དེར་གཡུན་དྲུང་བོན་གྱི་འཛིན་སྐྱོང་ཚོགས་པ་དང་ས་གནས་ཀྱི་ལས་སྣེ་རྣམས་ལ་ཕྱི་དངུལ་ལེན་བེད་ཆོག་པའི་དེབ་བསྐྱེལ་གྱི་སྒྲིག་གཞིར་ཐུགས་སྣང་གནང་དགོས་གལ་དང་། གྲྭ་ཚང་དང་བཙུན་དགོན་ནང་དགེ་བཙུན་ཆུང་ཆུང་གསར་བཞེས་སྐབས་ཁྲིམས་དང་མཐུན་པའི་ཐོག་ཕ་མའི་ངོས་སྦྱོང་ངེས་པར་དུ་དགོས་པ་མ་ཟད། གྲྭ་ཚང་དང་བཙུན་དགོན་གྱི་ལས་ཁུངས་ནང་ཉར་གལ་ལམ་སྟོན་གནང་ཡོད་པ་བཅས་ཌོ་ལན་ཇི་བོན་གཞིས་ཀྱི་འཚམས་གཟིགས་ལས་རིམ་ལེགས་གྲུབ་བྱུང་ཡོད། །

















