ཆོས་རིག་བཀའ་བློན་མཆོག་སྡེ་ར་སྡུན་ཁུལ་དུ་མུ་མཐུད་འཚམས་གཟིགས་གནང་བཞིན་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༧ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་སྡེ་ར་སྡུན་བདེ་སྐྱིད་གླིང་ས་གནས་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་དང་། དེ་རྗེས་ཁམས་གླིང་ཚང་གཞིས་ཆགས་སུ་ཁྱབ་ཁོངས་དགོན་སྡེ་ཁག་དང་། སྡེ་ཚན་ཁག་ལ་འཚམས་གཟིགས་རྗེས་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་བདེ་སྐྱིད་གླིང་པོ་ཏ་ལའི་ཚོགས་ཁང་ནང་མི་མང་རྣམས་ལ་གསུང་བཤད་ཀྱིས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཆོས་རིག་བཀའ་བློན་མཆོག་ནས་ད་རེས་ས་གནས་སུ་བཅར་དོན་གཙོ་བོ་ནི་བཀའ་ཤག་སྐབས་ ༡༧ པའི་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་ཏེ་དབུ་ཁྲིད་བླ་ཆེན་ཁག་ལ་འཚམས་མཇལ་ཞུ་རྒྱུ་དང་འཛིན་སྐྱོང་གི་ལས་དོན་རྣམས་ལམ་ལྷོང་ཡོང་ཕྱིར་ཐུགས་སྨོན་སྐྱབས་འཇུག་གསོལ་འདེབས་ཞུ་རྒྱུ། ས་གནས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་དང་། གཞུང་དང་གཞུང་ཁོངས་མིན་པའི་སྡེ་ཚན་ཁག་ལ་འཚམས་གཟིགས་དང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྒྱུ་བཅས་ངོ་སྤྲོད་གནང་།
དེ་ནས་བཀའ་ཤག་སྐབས་ ༡༧ བཀའ་བློན་རྣམ་པའི་སྒྲུབ་ཆ་ངོ་སྤྲོད་དང་། སྤྱི་ཡོངས་ཀྱི་ལས་དོན་ཞུ་ཕྱོགས་དང་ཆབ་སྲིད་ལངས་ཕྱོགས་སྙིང་བསྡུས་ངོ་སྤྲོད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ༸གོང་ས་མཆོག་ཐུགས་བསུན་བཟོ་མི་དགོས་པ་དང་། གཞིས་ལུས་མི་མང་བློ་ཕམ་མི་དགོས་པ་བཟོ་རྒྱུ། དེ་བཞིན་ད་ལྟའི་བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་སྒྲིག་གཞིར་བཟུང་དང་། ནུས་པ་མཉམ་སྤུངས་ཐོག་གནང་རྒྱུ། ༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་ཞུ་སྒོ་རྒྱ་གར་གཞུང་དང་ཟུང་འབྲེལ་ཐོག་སྔར་ལྷག་དམ་དོན་ཞུ་རྒྱུ། ༸རྒྱལ་བའི་ཡང་སྲིད་གནད་དོན་ཐོག་ཨ་རིས་གཙོས་རྒྱལ་ཁབ་གྲངས་ ༣༨ ནས་རྒྱབ་སྐྱོར་ཐོབ་པ་བཞིན་མུ་མཐུད་རྒྱབ་སྐྱོར་ཐོབ་ཐབས་ཞུ་རྒྱུ། འཛིན་སྐྱོང་ངོས་ནས་ཀ་བ་གཞན་གཉིས་དང་། རང་དབང་ལྡན་པའི་སྡེ་ཚན་ཁག་ལ་འགན་དབང་ཆ་བགོས་ལྟར་ཆེ་མཐོང་ལྡན་པའི་སྒོ་ནས་འབྲེལ་བ་ཞུ་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ནི་གྲོས་ཚོགས་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཚན་རྟགས་འགོད་པར་ཤར་བསྐྱོད་བྱ་རྒྱུ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལ་ཆེ་མཐོང་དང་ལས་དོན་ལ་ཐེ་བྱུས་མི་བྱ་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་གློག་འཕྲུལ་ཡིག་ཚགས་དང་གྲངས་འཛིན་དཔེ་མཛོད་སོགས་དེང་དུས་དང་མཐུན་པའི་འཕྲུལ་ཆས་ཀྱི་དུས་ཚོད་དང་མཉམ་དུ་བསྐྱོད་ཐུབ་པའི་གོམ་པ་མདུན་སྤོས་བཅས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པ། བོད་ཀྱི་ན་གཞོན་རྣམས་འགོ་ཁྲིད་གསོ་སྐྱོང་དང་ཐུག་འཕྲད་ཀྱིས་ཆབ་སྲིད་ལས་དོན་སྤེལ་ཕྱོགས་ཐོག་ལ་ལམ་སྟོན་གནང་རྒྱུ་གལ་ཆེན་པོ་ཡིན་པ། རྒྱ་དམར་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་བེད་ལོག་ལ་གདོང་ལེན་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་པའི་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས། རྒྱ་དམར་གྱིས་འཁྱོག་བཤད་ཁག་ལ་དུས་ཐོག་གདོང་ལན་གནང་རྒྱུ་དང་། ཆོས་རིག་ལས་ཁུངས་ཀྱི་སྤྱི་ཡོངས་ཀྱི་ལས་དོན་གལ་ཆེ་བ་ཁག་དང་། ད་ལྟ་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་གྲངས་འཛིན་དཔེ་མཛོད་བཅས་ཀྱི་ངོ་སྤྲོད་གནང་རྗེས། མི་མང་ནས་དྲི་བ་ཕེབས་པ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་གཞུང་ཞབས་ཟུར་པ་རྣམས་ཐུག་འཕྲད་ཀྱིས་བཀའ་བསྡུར་ལྷུག་པོ་གནང་བ་དང་། དེ་ནས་སྡེ་ར་སྡུན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་འཚམས་གཟིགས་སུ་ཕེབས།
དེ་ནས་ཁམས་གླིང་ཚང་གཞིས་ཆགས་སུ་ཕེབས་ཐོན་གནང་སྟེ་སྤྱི་ཟུར་ཚེ་རིང་རྡོ་རྗེ་ལགས་དང་། ས་གནས་ཀྱི་ཚོགས་གཞོན། དངུལ་གཉེར་བཅས་ནས་ཕེབས་བསུས་ཀྱིས་ཉིན་གུང་གསོལ་ཚིགས་ཞུས་རྗེས་ས་གནས་ཚོགས་ཁང་ནང་མི་མང་རྣམས་ཐུག་འཕྲད་ཀྱིས་སྐབས་ ༡༧ བཀའ་ཤག་པའི་བཀའ་བློན་རྣམ་པའི་སྒྲུབ་ཆ་དང་། ཆབ་སྲིད་ལངས་ཕྱོགས། སྤྱི་ཡོངས་ཀྱི་ལས་དོན་ཞུ་ཕྱོགས། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་བོད་ཀྱི་གྲངས་འཛིན་དཔེ་མཛོད་གྱི་ལས་གཞི་ངོ་སྤྲོད་སྙིང་བསྡུས་གནང་ཡོད།
དེ་རྗེས་རིམ་བཞིན་དཔལ་སྤུངས་ཀུན་ཁྱབ་དགོན་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། ངོར་ཨེ་ཝཾ་ཆོས་ལྡན་དགོན་དང་བཤད་གྲྭ བོན་དགོན་རྫ་སྨོན་རྒྱལ་གཡུང་དྲུང་གླིང་། རྫོགས་ཆེན་ཤྲི་སིངྷ་ཐེག་ཆེན་མདོ་སྔགས་ཆོས་གླིང་། ས་སྐྱ་བཙུན་མའི་མཐོ་སློབ་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་ཆོས་གླིང་བཅས་སུ་འཚམས་གཟིགས་སུ་ཕེབས་ཤིང་དགོན་པའི་དབུ་འཛིན་དང་མཁན་པོ་སོ་སོ་དང་ལྷན་དུ་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་བཅས་སྡེ་ར་སྡུན་ཁྱབ་ཁོངས་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཉིན་བཞི་པ་ལེགས་གྲུབ་བྱུང་ཡོད།།

keyboard_arrow_up