བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་ཆེན།༼སྤྱི་ནོར་གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རེ་དང་མཛད་རྗེས།༽

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་༸སྐུ་ཚེ་ཧྲིལ་པོར་ཕོ་མོ་འདྲ་མཉམ་དང་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བར་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལྟར། ཚོགས་འདུའི་དམིགས་ཡུལ་ནི། ༸མགོན་པོ་མཆོག་གིས་ནང་པའི་བུད་མེད་རྣམས་ཀྱི་ཤེས་ཡོན་དང་། ངོས་འཛིན་ཐོག་སྲ་བརྟན་ཡོང་ཐབས་མཛད་པའི་དགོངས་གཞི་དང་དངོས་ཡོད་གྲུབ་འབྲས་ཁག་གསལ་སྟོན་བྱ་རྒྱུ།
ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༢༠ དང་ ༢༡ ཉིན་གཉིས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་གནང་བའི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་ཚོགས་གནང་ཡོད།

ཚོགས་ཆེན་འདིའི་བརྗོད་གཞི་གཙོ་བོ་གསུམ
༡། དགེ་བཤེས་མའི་ཕྱག་འཁྱེར་གནང་སྲོལ་གསར་གཏོད། དགེ་བཤེས་མའི་ཕྱག་འཁྱེར་གནང་སྲོལ་གསར་བཏོད་མཛད་པ་ནི། བོད་བརྒྱུད་ནང་བསྟན་ཁྲོད་ལོ་རྒྱུས་ཀྱི་མཚམས་རྡོ་ཞིག་ཆགས་ཡོད་ལ།  བཙུན་མ་རྣམས་ཀྱིས་དགོན་སྡེའི་བསླབ་གནས་མཐོ་ཤོས་དེར་སློབ་གཉེར་གནང་རྒྱུའི་གོ་སྐབས་བསྩལ་ཡོད། འདས་པའི་ལོ་ཉི་ཤུའི་ནང་དགེ་བཤེས་མ་བརྒྱ་ལྷག་སློབ་ཐོན་གྱིས་བཙུན་དགོན་ཁག་དང་། ནང་པའི་ཚོགས་སྡེ་ཁག་ཏུ་དགེ་རྒན་དང་། འགོ་ཁྲིད། མཁས་པའི་ལས་དོན་བཅས་ལ་དངོས་སུ་འཇུག་མུས་ཡིན།

༢། འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་ངོས་འཛིན། ༸གོང་ས་མཆོག་གིས་བོད་དང་རྒྱ་གར་འཕགས་པའི་གནད་ཡོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་ངོས་འཛིན་གནང་སྟེ། ཁོང་རྣམ་པའི་ཆོས་ཀྱི་རྟོགས་པ་ལ་བསྔགས་བརྗོད་དང་། ནང་བསྟན་ལོ་རྒྱུས་ཁྲོད་མཚན་གནས་སླར་གསོའི་ཆེད་ཚིགས་བཅད་བསྟོད་ཚིག་བཀའ་རྩོམ་མཛད་ཡོད།

༣། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་ཐབས་གནང་བའི་མཛད་རྗེས།
༸གོང་ས་མཆོག་ནི་བོད་ཀྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ལུགས་ལ་དགེ་སློང་མའི་སྡོམ་པ་སླར་གསོ་གནང་རྒྱུར་མཛད་འགན་བཞེས་མཁན་གཙོ་བོ་ཞིག་ཡིན་པ་དང་། ༸མགོན་པོ་མཆོག་གིས་མཁས་དབང་དང་། དགོན་སྡེ་ཁག་དང་ལྷན་དུ་སངས་རྒྱས་ཀྱི་དགོངས་པ་བཞིན། སངས་རྒྱས་ཀྱི་འཁོར་རྣམ་པ་བཞི་ཆ་ཚང་སླར་གསོ་གནང་རྒྱུར་མཛད་འགན་བཞེས་བཞིན་ཡོད།

ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་འཇམ་མགོན་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་ལམ་སྟོན་བཀའ་སློབ་གནང་ཡོད་པ་དང་། ཚོགས་ཆེནདངོས་སུ་ཚུགས་སྐབས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་འགན་འཛིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས། ༸སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས།
ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་གྱི་འགན་འཛིན་འབུམ་རམས་པ་ཚེ་བརྟན་སྒྲོལ་དཀར་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས། བཙུན་དགོན་དགེ་ལྡན་ཆོས་གླིང་གི་དཔེ་ཁྲིད་དགེ་རྒན་ཟུར་པ་སེར་བྱེས་དགེ་བཤེས་བྱམས་པ་ཐུབ་བསྟན་ལགས། སྒྲོལ་མ་གླིང་བཙུན་དགོན་སློབ་གྲྭའི་སློབ་སྤྱི་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས། གངས་སྐྱིད་སཾ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས། ཤེས་རིག་དྲུང་འཕར་བསྟན་འཛིན་པདྨ་ལགས། དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགསབཅས་ཕེབས་ཞུགས་གནང་ཡོད། ཚོགས་ཆེན་དེའི་ཐོག་གསུང་བཤད་གནང་མཁན་དགེ་བཤེས་མ་ ༧ དང་། ཚོགས་བཅར་བའི་ཁོངས་དགེ་བཤེས་མ་ ༦༩ དང་གཞན་བཙུན་མ་ ༡༧ ནས་དངོས་སུ་མཉམ་བཞུགས་གནང་ཡོད། རྒྱ་བལ་གཉིས་ཀྱི་བཙུན་དགོན་ ༡༣ ནས་ཚོགས་བཅར་བ་ཁྱོན་གྲངས་ ༨༦ མཉམ་ཞུགས་གནང་ཡོད། ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།

ཚོགས་ཆེན་འདིའི་དམིགས་ཡུལ།

༡། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་རྒྱུར་རྒྱུན་མཐུད་མཛད་འགན་བཞེས་བཞིན་པར་བསམ་ཞིབ་ཞུ་རྒྱུ།
༢། ནང་པའི་བུད་མེད་ཀྱི་ཤེས་ཡོན་དང་། ངོས་འཛིན་དང་འབྲེལ་བའི་ད་ལྟའི་ཡར་རྒྱས་དང་མ་འོངས་པའི་ཁ་ཕྱོགས་ལ་བསྐྱར་ཞིབ་ཞུ་རྒྱུ།
༣། དགོན་སྡེ་དང་། ཤེས་ཡོན་ལྟེ་གནས། ཁྱིམ་པའི་སྤྱི་ཚོགས་དབར་གྲོས་མོལ་དང་མཉམ་ལས་གོང་སྤེལ་གཏོང་རྒྱུ།

རྩ་བའི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་དེ་བཞིན་ཕྱི་ཚེས་ ༢༠ ཉིན་དབུ་འཛུགས་གནང་ཡོད་ཅིང་། ཉིན་གཉིས་རིང་གི་ཚོགས་ཆེན་དེའི་ཐོག་དགེ་བཤེས་མའི་ཕྱག་འཁྱེར་འབུལ་སྲོལ་གྱི་བྱུང་རིམ་དང་། ཤེས་ཡོན་གྱི་གནས་ཚད་དང་བསླབ་གཞིའི་རྩ་འཛིན་ཡར་རྒྱས་གཏོང་ཐབས། སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་དང་ངོས་འཛིན། སྤྱི་ཚོགས་དང་དགོན་སྡེའི་ནང་དུ་དགེ་བཤེས་མའི་འགོ་ཁྲིད། མ་འོངས་པའི་འཆར་སྣང་། རྒྱལ་སྤྱིའི་ནང་ངོས་འཛིན་དང་མཉམ་ལས་སོགས་བརྗོད་གཞི་འདྲ་མིན་ཐོག་གླེང་སློང་གནང་ཡོད་པ་དང་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་རྣམ་ཐར་ངོ་སྤྲོད་གནང་ཡོད་པ་དང་། ༸མགོན་པོ་མཆོག་གིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་ཐབས་གནང་བས་མཛད་རྗེས་རྣམས་དྲན་གསོ་བྱེད་ཡོད་པ་བཅས།། །།

keyboard_arrow_up