སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་སྐབས་ཆོས་རིག་དྲུང་ཆེ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ ཉིན་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་གྲྭ་ཚང་གི་དགེ་འདུན་བརྒྱ་དང་ཉི་ཤུ་སྐོར་ནས་བཞུགས་སྒར་ཕོ་བྲང་དུ་༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་བདེ་ཐབས་སུ་༸སྐུའི་གོ་སྟོན་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་མགྲོན་འབོད་ལྟར་ཕེབས་ཞུགས་གནང་ཡོད།

བརྟན་བཞུགས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༣ ལོར་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་བསྩལ་བའི་དགྲ་ནག་བཅུ་གསུམ་མའི་ཉིན་གཉིས་ཀྱི་དབང་བཤད་ཡོངས་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་དགེ་སློང་ཐུབ་བསྟན་ངག་དབང་ནས་སྒྲ་ཕབ་ཞུས་པ་གཤིན་རྗེ་གཤེད་དགྲ་ནག་བཅུ་གསུམ་མའི་དབང་བཤད་ཆེན་མོ་སྐལ་ལྡན་འཇུག་ངོགས་ཞེས་པ་དཔེ་དེབ་དབུ་འབྱེད་དང་པར་ཕུད་ཕུལ་ཡོད་པ་བཅས།།

keyboard_arrow_up